ཧི་མ་ལ་ཡི་གསང་གཏམ།

(དཀོན་མཆོག་རྡོ་རྗེ།)        2011-02-28

ང་རང་ཐོག་མར་འདི་ཡོང་ནས་བགྲང་བྱ་ཅི་ཙམ་འདས་སོང་བ་ང་རང་གིས་ཀྱང་བརྗེད་ཟིན། འོན་ཏེ། ང་ཐོག་མར་འདི་ཡོང་དུས་འཇིག་རྟེན་ཞེས་པའི་མིང་མ་གྲུབ་ལ་སྐྱེ་འགྲོ་ཞེས་པའི་ཐ་སྙད་ཀྱང་མེད། དེ་དུས་ངའི་གྲོགས་པོ་ནི་ཉི་ཟླ་སྤུན་གཉིས་དང་ངའི་རྡོག་འོག་ནི་ཐིང་ཐིང་གི་འཇིག་རྟེན་ཁོ་ནའོ། ། ངའི་མེས་པོ་ཚོས་ང་ནི་རྒྱ་མཚོ་ཆེན་པོ་འདི་ལས་སྐྱེས་པ་རེད་ཟེར།
  རྒྱ་མཚོ་རིམ་གྱིས་ཞི་སོང་། ངའི་མཐའ་སྐོར་དུ་རྨ་ཆེན་སྤོམ་ར་དང་། གངས་དཀར་རི་བོ། གླང་ཆེན་འགྱིང་རི། རི་བོ་རྩེ་ལྔ་སོགས་སྤུན་ཟླ་དང་གྲོགས་པོ་མང་དག་འཚར་ལོངས་བྱུང་བ་དང་རིམ་བཞིན་ངའི་རྡོག་འོག་ཏུ་འགྲོ་བ་མིའི་རིགས་དང་མིང་བརྗོད་པར་དཀའ་བའི་བྱ་དང་རི་དྭགས་སོགས་ཀྱི་དབུགས་ཀྱི་རྒྱུ་བ་འཕར་ནས་རང་བྱུང་ཁམས་ཆེན་པོའི་མ་ཡུམ་ལ་འཁྱུད་དོ། །དེ་ནས་བཟུང་ང་གཅིག་པུ་གནས་པའི་སུན་སྣང་རིམ་བཞིན་ཡལ་ནས་ང་ཡང་དེའི་ནང་གི་གཅིག་ཤོས་སུ་གྱུར། །
ཨེ་མ། མིའི་རིགས་ནི་ཅི་འདྲའི་བློ་རྒོད་ཅིང་ཤེས་རབ་རྣོ་བ་ཞིག་རེད། ཁོ་ཚོས་དཀའ་སྤྱད་རུས་དང་སྤྱང་གྲུང་བརྩོན་སེམས་ལ་བརྟེན་ནས་སྔོན་མེད་ཀྱི་ལོ་རྒྱུས་གསར་པ་གྲངས་མེད་བསྐྲུན། གལ་ཏེ་འཛམ་གླིང་གི་ཡང་རྩེ་རུ་འགྱིངས་པའི་ཕོ་བྲང་པོ་ཏ་ལའི་ཉམས་འགྱུར་དང་བཟོ་འགོད་དེ་ངས་དངོས་སུ་མཐོང་ན། དེ་ནི་སྒྱུ་མ་མཁན་གྱིས་བསྐྲུན་པ་ལས་དེ་འཇིག་རྟེན་མིས་བསྐྲུན་པ་རེད་ཟེར་ན་བདེན་བཟུང་དཀའ། གལ་ཏེ་ངས་ལོ་སྟོང་ཕྲག་མང་པོ་སྔོན་ནས་བོད་དུ་ཕུལ་བྱུང་གི་སྐད་ཡིག་དང་ཚན་རིག་དང་མཐུན་པའི་སྨན་རྩིས་བཟོ་རྩལ་སོགས་ཕུན་སུམ་ཚོགས་པོ་ཡོད་པའི་བདེན་དཔང་མ་བྱས་ན་ད་ལྟ་སུས་དེ་ལ་ཡིད་ཆེས་དང་བདེན་བཟུང་བྱ།  ལ་ལས་ང་ནི་བགྲང་བྱའི་ཁུར་པོ་བརྩེགས་པའི་འདས་དོན་ཕུང་པོ་ཞིག་རེད་ཟེར། ལ་ལས་ང་ནི་སྐྱིད་སྡུག་གི་རི་མོ་སེམས་སུ་བཀྲ་བའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་རེད་ཟེར། གང་ལྟར། ང་ནི་བསྐལ་བ་མ་ཆགས་གོང་ནས་འདི་ན་གནས་ཤིང་། ནམ་ཞིག་བསྐལ་བ་འཇིག་པའི་དུས་སུའང་འདི་ན་གནས་ངེས། ངས་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་བལྟམས་ནས་རྒྱལ་སྲིད་སྐྱོང་ཚུལ་མཐོང་མྱངས། ངས་གུ་གེ་རྒྱལ་པོ་ཆགས་ནས་དར་རྒྱས་བྱུང་ཚུལ་མཐོང་མྱངས་ལ། ནུབ་གཅིག་རིང་གྱང་རར་སོང་བའི་གསང་བ་ཡང་ཡིད་ལ་མངོན་ཡོད།
  འཛམ་གླིང་མདུན་དུ་སྐྱོད་སོང་། སྤྱི་ཚོགས་དར་ཞིང་རྒྱས་སོང་། ངས་ལྷ་སའི་སྐྱིད་ཆུའི་འགྲམ་དུ་ཆར་རྗེས་ཀྱི་མྱུ་གུ་བཞིན་འབུས་པའི་གྲོང་སྡེ་དེ་མཐོང་དུས། དེ་སུམ་ཇུ་རྩ་གསུམ་གྱི་ལྷ་གནས་ཡིད་སྣང་འཆར་སོང་། ངས་མཚན་མོ་མེད་པའི་གྲོང་ཁྱེར་དང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་སྤེལ་བའི་དུས་སྟོན་དེ་མཐོང་དུས་རྨི་ལམ་གྱི་ཞིང་དུ་བགྲོད་པའི་སྣང་བ་འཆར་རོ། །
  • ལེ་ཚན་སྔོན་མ།:རྒྱང་རིང་གི་མཐིང་སྨུག་སྦྲ་གུར།
  • ལེ་ཚན་རྗེས་མ།:མེ་ཏོག་གངས་ལྷ།