ཧི་མ་ལ་ཡི་གསང་གཏམ།(2)
(དཀོན་མཆོག་རྡོ་རྗེ།) 2011-02-28
ད་དུང་ངས་གནམ་ལ་འཕུར་ཞིང་ཆུ་ནང་འཛུལ་བ་དང་ཁྱིམ་ནང་གི་སྒང་བུ་ཞིག་ལས་འཛམ་གླིང་གི་གནས་ཚུལ་ཚང་མ་དེ་མ་ཐག་ལྟ་ཐུབ་པའི་ངོ་མཚར་བའི་འཇིག་རྟེན་འདི་མཐོང་དུས་ང་རང་ཉིད་ཡ་མཚན་པའི་ལྟད་མོ་ལ་ཡེངས་སོང་།
ཨ་ཚ། སུ་ཡི་ངའི་ལུས་ཀྱི་བ་སྤུ་བྲེག་པ་རེད། ཨ་ན། སུ་ཡིས་ངའི་ནང་འཁྲོལ་གཤོང་བ་རེད། ཉོན་དང་། སུ་ཡིས་ཚེ་སྲོ་སྐྱོབ་རོགས་ཞེས་ཀུ་ཅོ་འདོན་པ་རེད།
ངས་འཛམ་གླིང་གི་ལྟད་མོ་ལ་ཡེངས་བའི་བློ་སེམས་ཚུར་བཀུར་ནས་ལ་ལྟ་དུས། ངའི་ལུས་ལས་སྐྱེས་པའི་རྐང་འཐུང་མ་རྣམས་ལྗང་མདོག་གི་ཡལ་ག་ས་ལ་ལྷུང་ནས་རྟིང་པ་སྐྱ་ཧྲུག་གྱུར་འདུག། ངའི་ལུས་ལ་བུ་བཞིནའཁོར་བའི་རི་དྭགས་གཅན་གཟན་དག་ཀྱང་སྔོན་གྱི་ངར་སྒྲ་དང་འབའ་སྒྲ་ཐད་ཆད་ནས་ག་ས་གང་ལ་རུས་ཆད་ཆ་དང་པགས་ཆད་འཐོར་འདུག མཐར་ན་ངའི་ལུས་ཀྱི་དོན་ལྔསྣོད་དྲུག་གི་་དུ་གནས་པའི་རིན་ཆེན་རིགས་ཀྱི་གཏེར་རྫས་ཀྱང་ཨ་ལམ་འདོན་ཟིན། མི་ག་དངོས་གནས་གདོན་གྱིས་མྱོས་པ་མ་རེད་དམ།
འགྱུར་ཟིན། གྲོངཁྱེར་དང་གྲོང་གསེབ་ནས་ཁོར་ཡུག་གི་མཛེས་མདངས་འཕྲོག་པའི་དུག་ནག་གི་ན་བུན་འཕྱུར་ བཞིན་འདུག སྨྱོ་སོང་། རི་ཁྲོད་ཀྱི་བླ་མ་མཚམས་ལས་གྲོལ་ཏེ་གྲོང་སྒོ་འགྲིམ་སོང་། གྲོང་སྟོད་ཀྱི་དཔོན་པོ་ཐོབ་ལ་མྱོས་ནས་མི་སེར་སྡུག་ལ་སྦྱར་སོང་། གྲོང་སྐེད་ཀྱི་སྟག་ཤར་ཆང་དུད་ལ་དད་ནས་ཕ་ནོར་སྨུག་པོ་ཕྱི་ལ་སྐྱེལ་སོང་། གྲོང་སྨད་ཀྱི་བུ་མོ་རྒྱུ་ལ་ཞེན་ནས་རང་ལུས་གསོན་པོ་མི་ལ་བཙོང་སོང་། སྒྲོག་སོང་། འཁྲུག་རྩོད་ཀྱི་ཧུ་སྒྲ་སྒྲོག་སོང་། མི་དང་མིའི་བར། ཡུལ་སྡེའི་བར། རྒྱལ་ཕྲན་དང་རྒྱལ་ཕྲན་གྱི་བར་བཅས་སུ་དོན་མེད་ཀྱི་འཁྲུག་རྩོད་ཇེ་མང་དུ་འགྱུར་སོང་། སྐབས་དེར། ངའི་རྡོག་འོག་ཏུ་ཁྲག་མཚོ་འཁྱིལ། ངའི་མིག་ཆུ་གཙང་པོ་ལྟར་བབས་སོང་།
ལྷག་བསམ་དུང་ལས་དཀར་ཞིང་བློ་ཕུགས་མདའ་ལས་དྲངས་བའི་ན་གཞོན་རྣམ་པ། ཁྱེད་ཚོས་སེམས་མ་སྡུག ཡིད་མ་ཤི འཇིག་རྟེན་ལཆགས་འཇིག་ཡོད་གནས་པ་རང་བྱུང་ཁམས་ཀྱི་ངོ་བོ་དང་སྐྱེ་འགྲོ་ལ་བདེ་སྡུག་མངའ་བ་མི་རྟག་པའི་ཁྱད་ཆོས་ལགས་པས་མཚན་མོ་མེད་པའི་འཇིག་རྟེན་ཞིག་དང་། སྐྱིད་སྡུག་མེད་པའི་འཚོ་བ་ཞིག་ག་ལ་ཡོད། གསལ་བྱེད་ཀྱི་ཉི་བྱེད་དབང་པོའང་རེ་་ཞིག་ནུབ་རིར་བཞུད་སྲིད་ཀྱང་། སང་ཉིན་འཆར་བའི་ཉི་གཞོན་ནི་སྔོན་ལས་འོད་སྟོང་འཕྲོ་ཞིང་བདེ་དྲོད་འབར་ངེས།
གལ་ཏེ། ན་གཞོན་ཚོས་བློ་སྟོབས་དང་སྤྱང་གྲུང་། དད་བརྩོན་དང་འདུན་པ་ཡོད་དགུ་གོ་ལ་འདིར་ཕུལ་ན་མི་རིང་བར་ཁོར་ཡུག་གཙང་ལ་འཐབ་རྩོད་ཞི་ཞིང་ལོངས་སྤྱོད་རྒྱས་པའི་རྟེན་གསར་པ་ཞིག་བསྐྲུན་ཐུབ་པར་གདོན་མི་ཟའོ། ། དེ་བས་ན་ངས་ནམ་ཡང་ཁྱེད་ཅག་གི་བྱ་བ་ལམ་དུ་འགྲོ་བའི་སྨོན་ལམ་ལན་བརྒྱར་འདེབས་རྒྱུ་དང་ང་ནི་ནམ་ཡང་ཁྱེད་ཚོའི་རྒྱབ་ཏུ་གནས་ངེས།
གངས་ཕྲུག་གི་ན་གཞོན། འཆར་ཀའི་ཉི་གཞོན་ལགས། ལྟོས་དང་། ངའི་ལུས་ལ་སླར་ཡང་སྔོ་ལྗང་གི་བ་སྤུ་སྐྱེ་བཞིན་འདུག
སྐྱོད་ཅིག ཁྱེད་རྣམས་དུས་རབས་གཅིག་པའི་འཕྲུལ་བྱ་ལ་བཞུགས་ནས་མ་འོངས་འོད་སྟོང་འབར་བའི་ཞིང་ཁམས་སུ་སྐྱོད་ཅིག