ལོ་གསར་གྱི་སྨོན་ཚིག

ཁ་བ་རྐང་གླིང་།        2016-11-07

འུར་འུར་དུ་ལྡང་བའི་ལྷགས་པ། ངའི་སེམས་པ་ཉབ་ཉོབ་ཏུ་བཏང་སོང་།  ཉོབ་བཞིན་ཉོབ་བཞིན་དུ་བྱམས་པ་དྲན་བྱུང་།   བུ་ཆུང་དྲན་ཡོང་།
གློག་ཀླད་ཁ་ཕྱེ་ནས་སྙན་ངག་ཞིག་བྲིས་ནས་སེམས་པ་གསོ་བར་བསམ་དུས། མགོ་ཁུངས་དེ་གང་ནས་འཛུགས་དགོས་མིན་མི་ཤེས། མིག་མདུན་དུ་འཆར་བ་ནི།    ཁ་སང་གི་ཡུལ་སྐོར་རྣམས་བརྙན་འཕྲིན་ཞིག་ལ་རོལ་བ་ལྟར།    མེ་ལོང་ལས་གསལ་བ་བཞིན་འཆར་ཡོང་།
གནམ་ནས་དཔྱངས་པ་ལྟ་བུའི་རི་བོ་དག་གིས་སྟེང་དུ་འགྱིང་ཉམས་ཀྱི་མངོན་པའི་ཁང་པ་འདི་ཚོ།    ང་ཚོའི་མེས་པོའི་བློ་རིགས་ལས་འཁྲུངས་བཞིན།    དེ་དག་ནི་འུ་ཚོའི་ཤེས་རིག་གི་འབྱུངས་ཁུངས་ཡིན།
བདག་གིས་བརྩེ་བའི་བུ་ཆུང་དང་དུངས་བའི་བྱམས་པ། ཐུགས་སེམས་གངས་དཀར་ལས་བླངས་པའི་སྤུན་ཟླ་ཚོ་དང་མཉམ་དུ་རྒྱུ་ལམ་ཞིག་དང་འདྲ་བའི་ལམ་བུ་དེ་བརྒལ་ནས།  ཤེས་རིག་གི་བང་མཛོད་དེ་དག་རེ་རེ་བཞིན་འགྲིམས།  ཨ་ཕའི་གཅེས་ཕྲུག་ལངས་ཤོར་དེ། འགའ་རེ་རོལ་རྩེད་ཀྱི་དབྱིངས་སུ་ཞུགས་བཞིན། སྐབས་རེ་ཨ་ཕའི་རྒྱབ་ཏུ་ཁུར་ནས་བདེ་སྐྱིད་ཅེས་པ་དེ་ལོངས་སུ་སྤྱོད་བཞིན་འདུག
བདག་ནི་རིག་གནས་ཀྱི་བང་མཛོད་དེ་དག་རུམ་ནས།  བྱིན་བརླབས་ཀྱི་མཐུ་སྨོན་ལས་འཁྲུངས་ཏེ།  ཐམས་ཅད་བདེ་སྐྱིད་ཀྱིས་མཛེས་ཤིང་།  ཤེས་རིག་གི་བློ་སྒོ་ཕྱེ་བའི་སྨོན་ལམ་བརྒྱབ།  མདོར་ན་འཚེ་བ་མེད་ཅིང་།  བདེ་ལ་འཁོད་པར་རེའོ།།

  • ལེ་ཚན་སྔོན་མ།:སློབ་མའི་ཀུན་སྤྱོད་སློབ་གསོར་མཐོང་ཆེན་བྱ་དགོས།
  • ལེ་ཚན་རྗེས་མ།:མི་དང་ཁོར་ཡུག