ཀུན་དགའ། 2016-12-22
སྤྱིར་ཀུན་སྤྱོད་ནི་ཀུན་ཏུ་སྤྱོད་པ་སྟེ། མིའི་ལུས་ངག་ཡིད་གསུམ་ལས་གང་རུང་གི་བྱ་སྤྱོད་དང་སྤྱོད་ལམ་ལ་གོ་དགོས་ཤིང་། དེའི་སྐོར་གྱི་སློབ་གསོ་ནི་ང་ཚོ་མིའི་རིགས་ལ་ཆ་མཚོན་ནས་བཤད་ན་གལ་ཆེན་ནང་གི་དོན་ཆེན་དང་དོན་ཆེན་ནང་གི་འགངས་ཆེན་ཡིན་པས་ཆེས་རྩིས་སུ་འཛིན་དགོས་ལ་དང་དུ་ལེན་དགོས་པར་སྣང་ཡང་། དེང་གི་དུས་འདིར་དགེ་རྒན་དང་ཁྱིམ་བདག་མང་པོས་སློབ་མའི་སྐར་གྲངས་དང་ཁྲིད་ཚན་གྱི་ནང་དོན་ཁོ་ནར་དམིགས་ནས་འབད་བརྩོན་བྱེད་བཞིན་པ་ལས་སློབ་མའི་ཀུན་སྤྱོད་སློབ་གསོར་དེ་ཙམ་གྱིས་མཐོང་ཆེན་བྱེད་ཀྱིན་མེད། གང་རེད་ཅེ་ན། དེང་གི་སྤྱི་ཚོགས་ཁྲོད་དུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་ཐོན་པའི་མཐར་ཕྱིན་སློབ་མ་ཡིན་ནའང་འདྲ། རྒྱལ་ཁབ་ཀྱི་གཞུང་ཞབས་པ་ཡིན་ཡང་རུང་། ཤེས་ལྡན་མི་སྣ་གང་མང་མང་ཞིག་གི་ཁྲོད་དུ་སྤྱོད་པ་སྡུག་མོས་བྱ་བ་འདྲ་མིན་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་ནི་ཚང་མས་མིག་མཐོང་ལག་ཟིན་རེད། དཔེར་ན། ཡུན་རིང་པོར་སློབ་གྲྭར་ཞུགས་ཏེ་ཤེས་བྱ་ཡོན་ཏན་གྱིས་ཕྱུག་པའི་མི་འགའ་ཞིག་གི་ཁྲོད་དུའང་རང་གི་རྩ་བའི་བླ་མ་དང་དྲིན་ཆེན་གྱི་ཕ་མ། གུས་པ་འོས་པའི་རང་གི་དགེ་རྒན་སོགས་ལ་བརྩི་བཀུར་མི་བྱེད་པའི་ཐོག ད་དུང་ཁ་ངན་ཚིག་ངན་དང་འཕྱ་སྨོད་འཁང་ར་བརྗོད་པ། ཐ་ན་རྐུན་འཕྲོག་རྫུན་ལབ་དང་མི་བསད་ཆག་སྒོའི་གནས་ཚུལ་བྱུང་དང་འབྱུང་བཞིན་པ་ནི་ཀུན་སྤྱོད་སློབ་གསོ་མ་འདང་པའི་རྐྱེན་གྱིས་རེད།
དེང་སང་མཁས་དབང་རྣམ་པས་མིའི་ཀུན་སྤྱོད་མ་བཟང་ན། ཤེས་རབ་ལྡན་ཡང་སྤྱི་ཚོགས་ལ་གནོད་སྐྱེལ་སྲིད་ཅེས་གསུངས་པ་ལྟར། ང་ཚོས་མཐོང་ཆེན་བྱ་དགོས་པ་ནི་བྱིས་པའི་སྤྱོད་ཡོན་ཡིན་པ་ལས་ཤེས་རིག་ཁོ་ན་མིན་པས་ཕྱིན་ཆད་ཚང་མས་མི་གཤིས་སློབ་གསོ་ཨང་དང་པོ་དང་ཤེས་བྱའི་སློབ་གསོ་ཨང་གཉིས་པར་བཞག་སྟེ་སློབ་མའི་ཀུན་སྤྱོད་སློབ་གསོའི་སྐོར་ལ་ཅི་ནུས་གང་ཐུབ་ཀྱིས་ནུས་པ་འདོན་པར་བྱའོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10