སྦྲ་ནག ངའི་གཞིས་ཁྱིམ་དྲོན་མོ།

ཚེ་ཐར་སྐྱིད།        2016-08-22

འཇིག་རྟེན་གོ་ལ་ཟླུམ་པོའི་ཡང་རྩེར་གནས་ཤིང་སྙན་གྲགས་ཀྱི་རླུང་རྟ་ཁ་བའི་ལྗོངས་སུ་བསུབ་མེད་དུ་ཁྱབ་པའི་སྦྲ་ནག་ལགས། རྩྭ་ཆུ་གཉིས་འཛོམས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ནེའུ་གསིང་སྔོན་མོའི་སྟེང་། ཁྱོད་ཀྱིས་དུས་ནམ་ཡང་འཇིགས་པ་དང་ཞུམ་པ་མེད་པར་ལྷིང་འཇགས་ཀྱི་རི་ཀླུང་བདག་ཏུ་བཟུང་ནས། དུས་བཞི་དབྱེར་མེད་བརྟན་བརླིང་སྒོས་འཚོ་ཞིང་བཞེས། ཁྱོད་ཀྱི་མཛད་འཕྲིན་གྱི་གཏམ་རྒྱུད་རིང་མོ་མི་རབས་ནས་མི་རབས་ལ་སྦ་གསང་དང་ཟོལ་བཅོས་མེད་པར་སྙན་ལམ་དུ་འཁོར། འོན་ཀྱང་སྦལ་ནག་ས་ལ་བྲིས་འདྲའི་གཞིས་ཁྱིམ་སྟེ་འབྲོག་པའི་སྦྲ་ནག་ཡིན་པ་སུ་ཡིས་ཤེས།
སྦྲ་ནག་ལགས། ཁྱེད་ཀྱིས་དགུན་གསུམ་ཁ་བ་བུ་ཡུག་ཁྲོད་ཞུམ་པ་མེད་པར་ང་ཚོར་དྲོད་ཁོལ་སྤྱིན་ཞིང་། དབྱར་གསུམ་ཆར་པ་དང་ན་བུན་གྱི་ཀློང་ནས་ཕངས་པ་མེད་པར་ང་ཚོར་བདེ་སྐྱིད་བསྐྲུན། སྟོན་གསུམ་རླུང་དང་ས་རྡུལ་གྱི་ཁམས་ནས་འཇིགས་པ་མེད་པར་ང་ཚོར་སེམས་གསོ་བྱས་ཤིང་། དཔྱིད་གསུམ་ཚ་དང་གྲང་ཟུག་གི་བར་ནས་གཡོ་བ་མེད་པར་ང་ཚོར་སྤོབས་པ་བསྐྱེད་པས། ཁྱོད་ནི་རུ་ཁྱིམ་ཕལ་བ་ཞིག་མ་ཡིན་ཏེ། མཐོ་སྒང་གི་རྫ་གསེབ་ནས་ལོ་རྒྱུས་ཀྱི་རི་མོ་བྲག་ལ་བཀོད་པའི་གནའ་བོའི་མི་རིགས་ཤིག་གི་རྒས་མེད་དུང་སེམས་ཀྱིས་བརྒྱུས་པའི་སྦྲ་ནག་ལགས། ཡིན་ན་ཡང་། སྤྱི་ཚོགས་དང་དུས་རབས་ཀྱི་འགྱུར་ལྡོག་དབང་གིས། ད་ལྟ་རྩྭ་ཐང་དུ་སྦྲ་ནག་ཡོད་པའི་འབྲོག་ཁྱིམ་ཧ་ཅང་དཀོན། འགའ་རེ་ཡོད་ན་ཡང་། ཁོ་ཚོས་ཁྱོད་ནི་དུས་ཀྱིས་ཕ་མཐར་བསྐྲད་པའི་རྒས་སོང་མེས་པོ་དག་གི་གླེན་པའི་ངང་ཚུལ་ལས་ཐོན་པའི་རྟོག་བཟོ་ཡིན་པར་འཁྲུལ་སྣང་སྐྱེས་བཞིན་ཡོད། ཧ་ཅང་རྟོགས་དཀའ་བ་ཞིག་ལ་ཁོ་ཚོས་ཅིའི་ཕྱིར་དེ་ལྟར་བསམ་པ་ཡིན། ཁོ་ཚོས་མ་རྟོགས་ཧོལ་རྒྱུགས་ཀྱི་དབང་གིས་རང་གི་མེས་པོ་དག་གི་ཤུལ་བཞག་ནོར་བུ་དེ་ལྟར་རྩ་མེད་དུ་གཏོང་བཞིན་ཡོད་པ་ནི་ཅི་འདྲའི་ཡིད་སྐྱོ་ཞིང་ཞེ་སྡུག་པ་ཞིག་རེད་ཨང་། 

  • ལེ་ཚན་སྔོན་མ།:སྒང་པ་བ་ཡི་རྫི་བོ།
  • ལེ་ཚན་རྗེས་མ།:ལོ་གསར་བཟང་།རེ་བ་ཡི་དར་དཀར་ཞིག