སྒང་པ་བ་ཡི་རྫི་བོ།

གངས་དབང་།        2015-09-10

 
 ང་ཨ་ཕོ་ལུག་རྫི་མི་ཡི་མཐའ་མ་ཡིན། །ཐང་བདེ་མོ་གཡང་དཀར་ལུ་གུ་འཚོ་ས་རེད། །ང་ཨ་ཕོ་ལུག་རྫི་ལ་ལུང་ཀུན་ལ་འགྲོ། །དགུན་སྟོན་དཔྱིད་དབྱར་བཞིར་གཡང་དཀར་ལུག་དང་འགྲོགས། ། ཞེས་པ་ནི་ང་ཆེས་ཐོག་མར་འཆད་སྟེགས་ཀྱི་བདག་པོར་གྱུར་དུས་ཐོས་པའི་གླུ་ཞིག་ཡིན། ཉིན་ལྟར་གླུ་དེ་རྣ་བའི་བཅུད་དུ་ལྷུང་བའམ་རང་གི་ངག་སྒོ་ལས་ཐོན་མ་ཐག་མཐོ་སྒང་གི་ཡུལ་གྲུར་འོ་ཞོ་ཤག་ཤག་ཏུ་ཕབ་ཅིང་རྫི་གླུ་སང་སང་དུ་བླངས་ཏེ་མི་ཚེའི་འོད་རླབས་ལྷང་ལྷང་འབར་བའི་རྫི་བོ་རྣམས་དྲན་བྱུང་།
 ཁོང་ཚོ་སྟེ། ལུས་ལ་གསེར་དངུལ་གྱི་འོད་མདངས་དང་དར་གོས་ཀྱི་འཇམ་ཤ་མེད་ལ་ངག་ལ་རང་རློམ་གྱི་སྒོ་འཕར་འབྱེད་མི་སྲིད་མོད། ཡིད་ཀྱི་མེ་ལོང་ངོས་སུ་མི་རིགས་ཤིག་གིས་ཞབས་ཟུང་གིས་ཟོ་དང་ཞིང་འཇལ་ནས་ཕྱག་ཟུང་གིས་ཡུམ་བུ་བརླ་མཁར་མཐོན་པོར་བཏེགས་ཚུལ། ཁོང་ཚོའི་མདུན་དུ་གཞན་སྡེ་ཟིལ་གྱིས་གནོན་པའི་གསེར་ཁྲི་བཞེངས་མེད་ལ་ནོར་གྱིས་ཕྱུག་པོར་བཏང་བའི་གསེར་གྱི་གུར་ཁང་ཡང་ཕུབ་མེད་མོད། རང་ཉིད་ལ་དབང་བའི་འཇིག་རྟེན་ཆུང་ངུར་གངས་རི་ལ་འབུལ་བའི་གཏམ་རྒྱུད་ཀྱི་འགོ་བརྩམས་ཤིང་གངས་ཆུ་ལ་ལེན་པའི་གླུ་ཚིག་གི་དབྱངས་རྟ་འགུགས།
 ཁོང་ཚོ་ལ་སུ་ཞིག་གིས་ཆེ་བསྟོད་ཀྱིས་འབོད་མ་མྱོང་ལ་ཡིད་སྨོན་གྱི་མིག་མདའ་འཕེན་མི་སྲིད་མོད། ཡིད་ཀྱི་བུམ་བཟང་དུ་ཉིན་ལ་འབད་ཅིང་མཚན་ལ་བསྒོམས་པའི་བདུད་རྩི་ལྟེམ་མེར་འཁྱིལ་ཏེ་སྐོམ་པས་གདུང་བའི་ཕ་བཟང་གི་བུ་ལ་བསྐལ་པ་ཡ་ཐོག་ནས་བབས་པའི་ལྷ་ཆབ་བསིལ་མ་དང་། བཀྲེས་པས་མནར་བའི་མ་བཟང་གི་བུ་མོ་ལ་ཕྱི་ནང་གཉིས་སྨན་གྱི་ཨ་མྲའི་འབྲས་བུ་གནང་བཞིན་མཆིས། ཁོ་པ་ཚོའི་སེམས་སུ་བསེ་རུའི་སེམས་བསྐྱེད་ཀྱི་མེ་ཏོག་བཞད་ལ་ཁོ་མོ་ཚོའི་སྙིང་ནང་རྫི་བོའི་བྱང་སེམས་ཀྱི་རྫིང་བུ་འཁྱིལ་ནས་ཡོད་པས་གྲིབ་མ་ནག་རིལ་གྱིས་འགྲོ་རོགས་དང་པུས་མོ་སྐྱ་རིལ་གྱིས་འདུག་རོགས་བྱས་ཏེ་མཐོ་སྒང་མཐོ་དགོས་ཚུལ། གངས་རི་དཀར་དགོས་ལུགས། སྤང་རི་སྔོ་དགོས་སྟངས་བཅས་ཉི་ཟླའི་ཚུལ་གྱིས་བཀྲ། རྒྱ་མཚོའི་ཟོལ་གྱིས་བརྡོལ།
 མུ་མེད་ཀྱི་སྤང་ཐང་དུ་ལྷུག་གེར་བཞད་པའི་མེ་ཏོག་ནི་ཁོང་ཚོས་ལུག་ཁྱུ་དང་བྲལ་བའི་ལུ་གུ་དང་། རྟ་ཁྱུ་བོར་བའི་རྟེའུ་རྣམས་ལ་བསྐྲུན་པའི་ངོ་མཚར་གྱི་བདེ་ལྡན་འཇིག་རྟེན་ཡིན། ལྗོན་ཤིང་སྣ་ཚོགས་ཀྱིས་བཏུམས་པའི་རྒྱ་རྫོངས་ནགས་སུ་རྣ་བའི་བཅུད་དུ་གྱུར་པའི་བྱ་བྱེའུ་ཡི་འགྱུར་ཁུག་ནི་འགྲོ་བའི་ལམ་སྣ་མ་ཟིན་པའི་རི་སྐྱེས་སེམས་ཅན་རྣམས་ལ་བརྡ་རུ་བསྟན་པའི་གླུ་དབྱངས་ཡིན།
 ཕྱོགས་བཞིའི་མགྲོན་པོའི་མཐོང་ལམ་ན་ལྷན་ནེར་འགྱིང་བའི་ཡ་གིའི་རི་བོའི་ངོས་སུ་མཁས་བཙུན་བཟང་ཞེས་ཡིག་འབྲུ་ཆེན་པོ་གསུམ་བརྐོས་འདུག དེ་ནི་ཁོང་ཚོས་མི་ཚེའི་གདམས་ངག་ཏུ་བརྐོས་པ་ཡིན། གསེར་ལས་མདངས་ལྡན། དངུལ་ལས་དཀར་ཆེ་བའི་ཡིག་འབྲུ་རེ་རེ་ཡིས་དུས་གསུམ་གྱི་བླ་སྲོག་བཀུག་སྟེ་རིགས་རུས་ཀྱི་རྣམ་ཤེས་འབོད་དུས་ཁྱེད་ཚོས་གྱོན་པའི་ཀོ་ལྷམ་དེ་ལྷམ་གྱི་མཐའ་མ་མིན།
 མ་གིའི་གྱ་གྱུར་འབབ་པའི་ཆུ་བོའི་འགྲམ་གྱི་རྡོ་ཕ་བོང་ཞིག་གི་ཐོག་ལ་བདག་ཉིད་བདག་གི་མགོན་ཡིན་ཞིང་། གཞན་ལྟ་སུ་ཞིག་མགོན་དུ་འགྱུར་ཞེས་བྲིས་འདུག དེ་ནི་རེ་བ་ཆེན་པོ་བཅངས་ནས་ལངས་ཀྱང་གྱོང་ཁ་ཆེན་པོས་བསྒྱེལ་བའི་རྟོགས་སད་ཀྱི་མན་ངག་འཁྲུལ་མེད་ཅིག་ཡིན་ན་ཁྱེད་ཚོས་བཟུང་བའི་འུར་རྡོ་དེའང་ལག་ཆའི་མཐའ་མ་ཡིན་མི་སྲིད།
 རྟ་ནོར་ལུག་གསུམ་སྤྱང་ཁྱི་ལག་སྦྲེལ་གྱི་འཇིགས་པ་ལས་སྐྱོབ་པའི་ཆེད་དུ་རྒྱུ་འབྲས་བློ་མིག་ཆེས་ཆེར་བགྲད་དེ་རི་ལུང་ཆུ་གསུམ་དཀྲོགས་པའི་རྒྱང་གླུ་ལེན་མཁན་ནི་སྒང་པ་བ་ཡི་རྫི་བོ་རྣམས་ཡིན་ལ། གཡོ་ཟོལ་དང་བསླུ་བྲིད་ཀྱི་ཁོར་ཡུག་ཏུ་སྒལ་ཚིགས་སྲ་མོས་བསྲུང་དགོས་རྒྱུ་བློས་མ་བཏང་བ་ནི་རྫི་བོ་རྣམས་ཀྱི་སྤོབས་པ་ཡིན། ཁོང་ཚོ་ལས་རྟོགས་སད་ཀྱི་མེ་སྟག་མཆེད་པས་མཐོ་སྒང་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་ད་དུང་འཁྱགས་རོམ་གྱི་སྦུབས་སུ་ཚུད་མི་འདུག ཁོང་ཚོ་ལས་བསམ་བློའི་སྙིང་བཅུད་བཞུར་བས་མཐོ་སྒང་གི་སྨག་རུམ་དུ་སྒྲོན་པའི་མར་མེ་ད་དུང་ལྷང་ངེར་འབར་གྱིན་འདུག མི་མང་གི་འདུ་འཛི་ཡིས་རྒྱང་དུ་ཕུད་ཀྱང་ཁེར་རྐྱང་གི་སྡུག་བསྔལ་མེད་པའི་ཚོགས་པས། སྦྲ་ནག་གི་སྟོད་སྨད་ལ་ཤེས་རབ་ཀྱི་རལ་གྲི་འཕྱར་བས་ལྷས་ར་ནང་གི་རྡང་ཐག་ཆད་མ་མྱོང་།
 བཀུར་བསྟིའི་ཕྱག་རྒྱ་ཡིས་ལོགས་སུ་བསྐྱུར་ཡང་རི་རབ་འབིགས་བྱེད་ཀྱི་གསེར་སྨྱུག་བ་ཚོས། ཞིང་མཁའི་མཐའ་མཚམས་སུ་བྱམས་བརྩེའི་མེ་ཕུང་སྤར་ཡོད་པས་སྲིན་འབུའི་གནོད་པ་ཐེབས་མི་སྲིད།
 མཐོ་སྒང་ལ་རྫི་བོ་ཡོད་པ་ནས་ནམ་འཕང་གཅོད་པའི་ཐང་དཀར་རྒོད་་པོའི་གཤོག་རྩལ་ལ་ཆག་གྲུམ་མེད།
 རྫི་བོ་ལ་དཔའ་མཛངས་ལྡན་ན་དཔའ་རྒོད་ཚོས་བརྩིགས་པའི་མཁར་རྫོང་ནག་པོ་ལ་ཞིག་རལ་མེད། །
  • ལེ་ཚན་སྔོན་མ།:བོད་མི་ཕྱག་ཕྲེང་ཅན་རྣམས་ཀྱི་སྤྱན་ལམ་དུ་འབུལ་བ།
  • ལེ་ཚན་རྗེས་མ།:སྦྲ་ནག ངའི་གཞིས་ཁྱིམ་དྲོན་མོ།