བོད་མི་ཕྱག་ཕྲེང་ཅན་རྣམས་ཀྱི་སྤྱན་ལམ་དུ་འབུལ་བ།

ཡེ་ཤེས་རབ་གསལ།        2015-07-13

དེ་ཡང་གངས་ཀྱི་མུ་ཁྱུད་བསྐོར་བའི་ལྗོངས་ན་གནས་པར་གྲགས་པའི་བོད་མི་རྣམས་ལ་རྩོད་གཞི་གླེང་གཞི་ལ་སོགས་པ་དང་དགོས་དང་དགོས་མིན་ཅི་རིགས་ཀྱི་དོགས་འཚེར་ལ་སོགས་པ་ཡང་མང་དུ་འབྱུང་གི་ཡོད། དེ་ལྟར་ཡིན་པས་བོད་མི་ཤེས་ཡོན་དང་འཇོན་ཐང་ཅན་ཚོས་ཀྱང་གང་ཞིག་ལ་བསམ་བློ་བཏང་ནས་གླེང་དགོས་དང་གང་ཞིག་ལ་གླེང་མི་དགོས་པ་ནི་ས་ཚོད་ཟིན་དཀའ་བ་ཙམ་དུ་གྱུར་ཡོད་པས། བོད་མིའི་ནང་ཁུལ་དུ་ཡང་། ཆོས་མངོན་པའི་རྩ་ཚིག་ཏུ།།རྩོད་པའི་རྩ་བར་གྱུར་པ་དང་། །འཁོར་བའི་རྒྱུ་ཕྱིར་རིམ་གྱིས་ཕྱིར། །ཞེས་པའི་རྐང་དོན་ལྟར་འདུ་ཤེས་འཛིན་སྟངས་སམ་རྔམ་སེམས་ཆགས་སྲེད་ཀྱིས་བདེ་འདོད་འཚོལ་ལུགས་ཤིག་གིས་བོད་ཆོས་སྲིད་གཉིས་ཆར་རྩོད་གཞི་མཐའ་མེད་པ་མང་དུ་བྱུང་ཞིང་། བོད་མི་བྱིངས་དང་བྱེ་བྲག་ཏུ་གྱུར་པ་ཐམས་ཅད་ནས་ཀྱང་ཁྲེལ་དང་ངོ་ཚ་སོགས་བཙའ་འཛེམས་མ་ཐུབ་པ་ཅི་རིགས་བྱུང་དང་འབྱུང་བཞིན་ཡོད་ཚོད་ལ། མདོར་ན་ཕྱུག་འབྱོར་ཅན་ཚོས་བག་མེད་རྒྱས་སྤྲོས་ལ་ཐལ་ཆེ་ཙམ་དང་། སྤྲང་ས་ཟད་རྡོ་ལ་ཐུག་པ་རྣམས་ཁ་རྒྱབ་ཁེབས་པ་ཙམ་ཡང་ཅི་ཙམ་འབད་ཀྱང་མཐར་རྨི་ལམ་ནང་གི་བུ་རམ་གྱི་རོ་མྱོང་བ་ལྟར་དོན་ཐོག་ཏུ་འཁྱོལ་དཀའ་ཙམ་པ་འོང་ཞིང་གདའ་བས། དེའི་ཕྱིར་ན་བུ་ཧྲག་པ་ཚོས་ནུས་ཐབས་ཅི་རིགས་ཀྱིས་ཁ་གསོ་ཐབས་རེ་འཚོལ་ཞིང་གདའ་ལ། འགྲོ་བ་མི་སྤྱི་དང་སྒོས་སུ་རྒྱལ་ཁབ་གཞུང་གི་ཁྲིམས་ལུགས་ལ་སོགས་པ་ཡང་བརྩི་སྲུང་ཤེས་མིན་དང་བརྩིར་བབས་མི་བབས་ལ་སོགས་པ་ཡང་མ་ངེས་པའི་ངང་ནས་མཐར་ཐུག་སྟེ་ཉེས་ཆེན་བཙོན་ཁང་དུ་འགྲིམས་པ་ལ་སོགས་པ་ཡང་ངུ་དགོད་གཉིས་ཀས་ར་མདའ་ཆོད་ཀྱི་མེད་པ་ཡོང་བཞིན་ཡོད་པ་ནི་མངོན་སུམ་རེད། མདོར་ན་བོད་མི་ཞེས་པའི་མི་གྲངས་འདི་ཕར་བལྟས་ན་ཉུང་ཉུང་ཡང་མིན་ཚོད་ཙམ་ལ་གྲུ་གཟིངས་ཆེན་པོ་ལ་ཁ་ལོ་བ་མེད་པ་ལྟར་སྤྱི་སྒོས་གཉིས་ཀར་ཆག་སྒོ་ཆེན་པོ་ཞིག་ལ་བཤོལ་ཐབས་འཚོལ་དགོས་པར་གྱུར་ཡོད། རེད་དེ་ད་ལྟའི་བར་དུ་བོད་མི་མང་ཆེ་བ་ཞིག་གིས་མ་བགྲོས་མགྲིན་གཅིག་ཏུ་དམ་པའི་ཆོས་འདི་ཆེས་གལ་ཆེ་བ་དང་མེད་ཐབས་མེད་པ་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་ཞེས་གླེང་མཁན་ནི་མང་དུ་ཡོད་སྐད། དེ་ལྟར་ཡིན་ན། བོད་མི་ཚོས་ད་ལྟ་ནས་ཐུགས་བསམ་བཞེས་ཏེ་ཡོ་བསྲང་དགོས་པ་ཞིག་ནི། ཆོས་ཀྱི་བྱ་སྤྱོད་ཀྱི་ཐད་ནས་གཅུན་ཐབས་ཤིག་བསམ་ན། རང་གིས་བསམ་ན་ཕངས་སེམས་མ་དགོས་ཤིང་མི་ཡིས་བལྟས་ན་མིག་སྔར་མཛའ་བ་ཞིག་འོང་ཐུབ་པ་དང་འོང་དགོས་པ་ཡང་ཡིན་སྐད་དེ། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལས། འཇིག་རྟེན་མ་དད་གྱུར་པ་ཀུན། །མཐོང་དང་དྲིས་ཏེ་སྤང་བར་བྱ། །ཞེས་པ་ལྟར་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པ་ལྟར་དགེ་སྒྲུབ་སྡིག་སྤོང་གི་བྱ་སྤྱོད་འདི་ལས་གཞན་པའི་ཆོས་ཤིག་དང་འཇིག་རྟེན་དང་བ་འདྲེན་བྱེད་ཅིག་ཀྱང་མེད་པ་ཡིན།
  དང་པོ། བོད་མི་ཆོས་པའི་སྐོར་ལ་ཞུ་དོན།
  བོད་མི་དགེ་འདུན་འདུས་པ་སྤྱི་དང་བྱེ་བྲག་དང་ཆོས་སྒར་ལ་སོགས་པའི་ཆོས་བཟང་སྤྲིན་གྱི་འདུས་སྡེ་དང་ཚོགས་པ་ནི་སྟོད་སྨད་བར་གསུམ་སོགས་སུ་མང་དུ་ཡོད་ལ། དེ་དག་ཏུ་མཁན་པོ་སྤྲུལ་པའི་སྐུ་དང་བསླབ་པའི་རྒན་གྲས་སོགས་རིང་ལུགས་པའི་ཁུར་འཛིན་པ་དེ་དག་གི་མདུན་སར་ཐོག་མར་འཚམས་འདྲི་ཞུ་རྒྱུ་ཡིན། དེ་ནས་ཞུ་དོན་རྡོ་ཁ་དངོས་ནི་ད་ལྟ་ནི་རྒྱལ་ཁམས་རིས་སུ་མ་ཆད་པའི་ཡོན་བདག་ཕོ་མོའི་བསོད་ནམས་སྟོབས་ཀྱིས་དགེ་འདུན་འདུས་པའི་སྤྱི་སྒོས་ལ་ཉེ་བར་མཁོ་བའི་རྙེད་དང་བཀུར་བསྟི་ནི་འཕེལ་ཁ་ཡར་དར་གྱི་སྒང་ཡིན་ཚོད་ལ། གཙུག་ལག་ཁང་གི་བཞེངས་བསྐྲུན་ལ་སོགས་པ་ཡང་མང་ཆེ་བར་མཛེས་ཉམས་དང་རྫིག་ཉམས་ཇེ་ཆེར་གྱུར་ཡོད། འོན་ཀྱང་དེ་བཞིན་གྱི་མགོའི་རལ་བའི་ཚོད་ཀྱི་ནང་ཨ་མྱེ་ལ་ཡང་རྟོགས་པའི་ཡོན་ཏན་ནང་ན་ཡོང་གི་ཡོད་མེད་ནི་སྣང་ལ་མ་ངེས་པ་ཙམ་ཡིན། ཕལ་ཆེར་གླེང་གཞི་ཡང་མང་དུ་ཡོད་ལ་སྤྲུལ་པའི་སྐུ་ལ་དགོས་པ་ཡོད་མེད་སོགས་ཀྱང་མང་ཙམ་ཞིག་གིས་གླེང་བཞིན་ཡོད། གང་ལྟར་ཡང་དགེ་འདུན་འདུས་པའི་སྐོར་ལ་བཀའ་མདོ་རྒྱུད་དགོངས་པ་དཔང་པོར་བཞག་པའི་ནང་ན་གཅུན་ཐབས་ཤིག་སྐེ་རགས་ཡང་བསྡམས་དང་ལྷམ་སྒྲོག་ཡང་ཆིངས་ཤིག་མ་བྱས་ན། དམངས་ཕལ་བས་གཏམ་དཔེར། བགད་ཀྱི་རྗེས་ན་བགེགས་ཞེས་པ་ལྟར་བསྟན་པ་རིན་པོ་ཆེར་གོད་ཆག་གི་སྣ་འདྲེན་པ་ཡང་མི་སྲིད་པ་ཞིག་ག་ལ་ཡིན། མ་གཞི་ཕྱུག་འབྱོར་བ་ཅན་ཚོས་རང་གི་འོང་སྒོའི་འཕེལ་ཁ་ལས་ལྗོན་པའི་ཤིང་རྩེའི་ལོ་འདབ་ལྷུང་བ་འདྲ་བའི་སྐོར་རེ་བཅད་ནས། མཆོད་ཡུལ་དུ་གྱུར་པར་འགྲན་བདོ་བ་ལྟར་མཆོད་ཅིང་། ནང་གི་མངོན་རྟོགས་ལས་ཕྱི་རྫིག་རྫིག་རྔམ་རྔམ་ལ་བྲིན་སྒོ་ཆེ་བའི་དུས་འདིར། དགེ་སྡིག་གི་རྒྱ་ཁ་ལ་རྒྱུ་འབྱོར་བའི་ལྐོག་བརྔན་སུ་མང་འགྲན་པའི་དུས་འདིར། དགེ་འདུན་འདུས་པ་སྤྱི་དང་བྱེ་བྲག་ནས་ཐུགས་བསམ་ཡང་བཞེས་ཤིག་མ་བྱས་ན་རྟ་གཡུང་མའི་གོང་ལས་རྟ་གོམ་འགྲོས་ཅན་གྱི་གོང་དུ་བསྐྱོན་པ་ལྟར་གྱུར་ཡོད་པས། སྲབ་མདའི་དམ་ལྷོད་ཧ་ཅང་དཀའ་བར་གྱུར་ཡོད། མ་གཞི་དགེ་འདུན་པ་ཐམས་ཅད་ནས་ཕྱི་ལྟར་ན་བཤད་གྲྭ་དང་སྒྲུབ་གྲྭ་སོགས་ཅི་རིགས་ཚུགས་ཡོད་ན་ཡང་དེ་ལས་ངེས་ཤེས་དང་སྒྲོ་འདོགས་གཅོད་ཅིང་བསྒོམ་པའི་ཉམས་རྟོགས་ལ་དོན་གཉེར་འདུན་པ་མི་འཚོལ་བར། ངག་སྙན་སྙན་ལྡིར་ལྡིར་གྱི་འདོན་པ་ཙམ་དང་ཆོས་གོ་ལོ་ཐོས་ལོ་ཙམ་གྱིས། ཆོས་བརྒྱད་དཔོན་ངན་གྱི་བྲན་ཁོལ་དུ་གྱུར་ནས་རྒྱུ་འབྱོར་བའི་ཁེ་སྤོགས་སུས་ཐོབ་དང་རླངས་འཁོར་མིང་གྲགས་ཅན་སུར་ཡོད་དེ། ཉམས་རྟོགས་གདེངས་ཆོད་ཀྱི་གྲུབ་རྟགས་ལྟར་བརྩི་ཞིང་འཕེལ་ཁ་བདོ་བའི་དབང་གིས་རྒྱ་བླ་ཞེས་པའི་བཟང་ངན་གཉིས་འཛོམས་ཀྱི་གླེང་གཞི་འདི་བྱུང་ལ། རྩ་བ་དེ་ལ་ཐུག་ཡོད་པས་བོད་མིའི་མཚང་ཆེན་པོ་འདི་གཙོ་བོ་དགེ་འདུན་འདུས་པའི་ས་ནས་རྒྱུ་འབྱོར་བའི་མཐོ་འགྲན་བྲིན་སྒོ་ཆེ་བ་འདིར་དཔང་ཁ་ཅུང་ཟད་གཅོག་མ་ཐུབ་ན་རྒྱ་བླ་ཚོས་བསྟན་པ་འཚོང་བའི་ལས་ཀ་འདིར་སུ་ཞིག་གིས་ཀྱང་གཅུན་ཐབས་དཀའ་བར་གྱུར་ཡོད་པས། གཞན་ལ་རེ་བས་དེ་བས་ཀྱང་བཟང་པོ་ཞིག་འོང་རྒྱུ་མེད་ལ། མ་གཞི་རྒྱ་ལ་ཆོས་བཤད་མི་ཆོག་པ་འདི་ག་ལ་ཡིན། ཕལ་པོ་ཆེའི་བཟང་སྤྱོད་སྨོན་ལམ་གྱི་ལེའུ་ལས་ཀྱང་། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།།གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་།།འགྲོ་བ་ཀུན་གྱིས་སྒྲ་སྐད་ཅི་ཙམ་པར།།ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ།།ཞེས་གསུངས་པ་ལྟར་སེམས་ཅན་རིས་ཆོད་མེད་པར་སྟོན་ནུས་ན་སྟོན་པ་པོ་གང་ཟག་གི་ཆེ་བ་ཡིན་པ་ལས་དགག་ཆ་མ་ཡིན་མོད། འགའ་ཞིག་ནི་རང་རྒྱུད་མ་ཐུལ་གཞན་རྒྱུད་ཐུལ་མདོག་འདི། ལྷ་རང་མགོ་མི་ཐོན་འདྲེ་ཤ་ཐག་ཅེས་པར་གྱུར་ཡོད་པས་ལས་རྒྱུ་འབྲས་ཀྱི་ངེས་ཤེས་གཤའ་མའི་འཛེམས་བག་ཙམ་དང་སོར་བྱང་སྔགས་གསུམ་གང་རུང་རུང་གི་དམ་སྡོམ་རྣམས་རལ་ཚར་བཞིན་དུ་དབང་བསྐུར་བའི་རྡོ་རྗེ་སློབ་དཔོན་དུ་རློམ་ན་ནི་ཁ་ཏྭའི་གཤོག་འགྱུར་བྱ་རྒྱལ་ཁྱུང་གི་རྩལ་ཤུགས་སུ་བརྫུས་པ་འཁྲུལ་མེད་ཅིག་རེད། མ་གཞི་གསོན་གཤིན་ཅི་རིགས་ཀྱི་དགེ་རྩར་དམིགས་པའི་དར་གདང་ཆེན་པོ་འདེབས་པ་སོགས་ནི་འཕེལ་ཁ་ཇེ་ཆེ་ནས་ཇེ་ཆེ་ཡིན་མོད་དེ། དེ་ལ་ཡང་ཤན་འབྱེད་དང་ཚོད་འཛིན་ཞིག་ཡོད་ན་ཡག་ཤོས་ལ། རས་དག་མ་འབའ་ཞིག་ལ་བྱེད་པའམ་མང་ཉུང་ལ་ཚོད་འཛིན་པ་འདི་མེད་སོང་ན་འགྱིག་གི་དར་ལ་སོགས་ཆུ་དང་རྒྱ་ལམ་གད་སྙིགས་ཁྲོད་སོགས་གང་སར་འཐོར་ནས་ས་གཙང་མ་དང་ཆུ་གཙང་མ་ལ་འབག་བཙོག་ཆེ་ཞིང་སྐུ་གསུང་ཐུགས་རྟེན་ལ་ཟོ་མདོག་མི་བདེ་བའི་འོ་བརྒྱལ་ཡང་ཆེན་པོ་གཏུག་གི་ཡོད། མ་ཟད་དར་ཤིང་གི་རྒྱུར་ཐང་ཤིང་ལྕུག་ཕྲན་གཞོན་ནུ་རྣམས་འཛེམས་མེད་དུ་བཅད་སོང་བས་སེམས་ཅན་དུ་མའི་སྲོག་གི་ཉེན་ཁ་ལ་རྟེན་དང་འཁར་ས་མེད་པ་བྱེད་བཞིན་པ་ཡིན་པས་དངོས་བརྒྱུད་ཅི་རིགས་ནས་དགེ་བར་བཏགས་པའི་སྡིག་པ་ལག་འདྲུད་དུ་ཡོང་བཞིན་པ་ཡང་མང་པོ་གདའ། དེས་ན་སེམས་ཅན་ཤི་པོའི་དགེ་བསྔོ་དང་གསོན་པོའི་རིམ་གྲོའི་འབབ་ཁའི་སྒོར་མོ་རྣམས་དར་དུ་དཔྱངས་པ་འབའ་ཞིག་འདི་ཡང་མ་མཐར་ཡང་དུས་དེང་སང་དེ་འདྲའི་ཆོས་རྣམ་དག་ཅིག་ཡིན་ཚོད་སོ་སོའི་སྐྱེ་བོས་རྟོག་ཞུགས་ཀྱིས་བརྟག་ན་མ་རེད། མ་ཚད་མ་དངུལ་འདི་དག་ཐོ་དང་གྲངས་བཅད་གསལ་ཁ་ཡོད་པའི་སྒོ་ནས་སེམས་ཅན་རྒུད་སྐྱོབ་ཀྱི་ཡོན་དུ་བཞག་ནས་ནད་པ་ཉམ་ཐག་ལ་སྨན་རིན་གྱི་ཁ་གསབ་སྤྲོད་པ་དང་ས་ཆུ་མེ་རླུང་གི་འབྱུང་བཞིའི་འཇིགས་པ་སོགས་བྱུང་ཚེ་དེ་དག་ལ་མ་དངུལ་གཏོང་སྲོལ་གྱི་ལམ་ལུགས་ཤིག་ཡོད་ན། དེ་སྔོན་ཡང་འབྱུང་བཞིའི་འཇིགས་པའི་སྐབས་སུ་བོད་ཀྱི་བླ་གྲྭ་ཚོར་བཟང་གྲགས་ལས་ངན་གྲགས་མེད་ན་ཡང་། བཟང་གི་འཕྲོར་བཟང་དང་།།ཆུ་སྲིན་རྔ་མར་པ་ཏྲ་ཞེས་པ་ལྟར་ཡིན་པས་ཆོས་འཇིག་རྟེན་གང་གི་ཐད་ནས་ཀྱང་ཀུན་དང་མཐུན་ཞིང་དགེ་བའི་འཕེལ་སྟོབས་ཀྱང་ཆེ་ཚོད་རེད། མཇུག་མཐར་དགེ་འདུན་འདུས་པའི་སྡེ་དག་ཏུ་ཡང་ཕྱོགས་དང་རིས་ཆོད་ར་རིའི་དབང་གིས་རྩོད་གཞི་དང་འཁོན་རྩོད་མང་པོ་ཡོང་གི་ཡོད་ཚོད་ལ། མ་ཟད་འདི་དག་བསྟན་པའི་ལ་རྒྱའི་སྒྲོག་ཁ་སོགས་ཀྱི་གླེང་གཞི་ཡོད་སྐད། ཆོས་སྒོར་ཞུགས་པའི་དོན་པོ་འདོད་ཆགས་ཞེ་སྡང་གི་གཉེན་པོ་མགོ་གནོན་ཅན་ཞིག་དགོས་པ་ལས་དགེ་འདུན་འདུས་པའི་གྲལ་དུ་ཡང་འཁང་ར་འཁོན་རྩོད་རྒྱུན་མི་ཆད་པ་ཞིག་ཡོང་གི་ཡོད་ན་སྐྱབས་འགྲོའི་སྡོམ་པའི་བསྲུང་འཛེམས་ཙམ་ཡང་མ་ཐུབ་པ་ཡིན་པས་ཆོས་པའི་གཟུགས་ཙམ་འབའ་ཞིག་ཏུ་གྱུར་ཡོད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས།།འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བའོ།།མ་ཆགས་མ་སྡང་གཏི་མུག་མེད། དེས་བསྐྱེད་ལས་ནི་དགེ་བའོ།།ཞེས་པའི་མདོ་རྩ་ཟིན་ཡོད་མེད་བརྟག་རྒྱུ་ཧ་ཅང་གལ་ཆེན་ཞིག་བདོག དེ་ལྟར་མིན་ན་འཁང་ར་འཁོན་རྩོད་ཀྱི་བྱ་བྱེད་བགྱིས་ཚད་མཐར་རང་ཐོག་ཏུ་བབས་ནས་གཞན་ལ་གནོད་པ་བྱས་ཚད་རང་ལ་གནོད་པ་བགྱིད་གྱིན་པ་འོང་གི་ཡོད་པ་ནི་སྐབས་རེར་མཐོང་ཆོས་སུ་ཡོང་གི་ཡོད། དཔེར་ན་ཡང་སོས་དམྱལ་བར་གནོད་སེམས་ཀྱིས་བསད་བསད་ཀྱིས་ཐམས་ཅད་འཆི་བར་གཏུག་པ་ནང་ལྟར་གསོན་འཇིག་རྟེན་ཁམས་སུ་ཡང་དེ་འདྲ་རྗེས་མཐུན་རེ་དངོས་སུ་ཡོད་ཚུལ་གླེང་སྲོལ་ཡོད་ལ། འདོད་ཆགས་ཞེ་སྡང་གི་རྒྱུ་བ་རགས་ཤིང་དགེ་སྡིག་བསྲུང་འཛེམས་ལ་ཅི་འདོད་འདོད་ཤས་ཆེ་སོང་ན་མཐར་ས་གཡོ་བ་དང་ཆུ་འབྲུབ་པ་སོགས་ལ་གཏུག་ཅེས་ཆོས་དཀོན་མཆོག་གི་གསུང་རབ་རྒྱལ་བའི་བཀའ་དང་བསྟན་འགྱུར་སོགས་སུ་ཡང་ཡོད། མིན་ན་མདོར་ན་ཆོས་ནི་མི་འཚེ་བ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་གསུངས་པ་དང་རྦད་དེ་འགལ་ཞིང་ཆོས་བརྒྱད་མགོ་སྣ་ཅི་འཁྱོལ་གྱིས་ཆོས་པའི་གྲལ་ནས་ཅི་ཙམ་བསྡད་ཀྱང་སྔར་བྱས་སྡིག་པ་ལ་མཐོལ་བཤགས་དང་ཕྱིན་ཆད་སྡོམ་སེམས་ལ་ཕུར་ཚུགས་ཐེབས་པ་སོགས་གང་ཡང་མེད་ན་མི་ཚེ་ཉི་མ་ཟད་གྲོགས་བསྟན་པའི་སྙིགས་ཞབས་འབའ་ཞིག་ཏུ་ཟད་དོ། །
  གཉིས་པ། བོད་མི་ཁྱིམ་པ་ཕོ་མོའི་སྐོར་ལ་ཞུ་དོན།
  བོད་མི་ཁྱིམ་པ་ཕོ་མོ་རྣམས་ལ་རྟགས་རང་གཤིས་རྣལ་མ་ཞིག་ཡོད་པ་ནི་རྐང་མི་དལ་བསྐོར་བ་འགྲོ་ཞིང་ལག་མི་དལ་ཕྲེང་བ་འདྲེན། ངག་མི་དལ་གསོལ་བ་འདེབས་པ་སོགས་ཆོས་དགེ་བ་འགྲོ་ཞོར་འདུག་ཞོར་འདི་དར་སྲོལ་ཧ་ཅང་ཆེ་བས་བཟང་བའི་ཡོན་ཏན་ཞིག་ཀྱང་ཡིན་ལ། དུས་རྒྱུན་པར་མགུ་དང་སེམས་ཁ་གང་སླ་བ། སེམས་བསམ་པའི་འཁུ་ལྡོག་ཀྱང་ཆུང་བ་སོགས་ཡིན་སྐད། ཁྱད་པར་དུ་སྡུག་ཁ་ཐུག་གིས་མནར་བའི་ཚེ་ན་ལས་འབྲས་ལ་ཡིད་ཆེས་བརྟན་པོ་ཡོད་པ་འདི་རིན་ཆེན་གསེར་བས་དཀོན་པའི་དོན་ཞིག་ཡིན་ཞེས་བརྗོད་ན་ཡང་ཆོག ། མ་གཞི་སྤྱི་ཚོགས་ཀྱི་གནས་ཚུལ་ཅི་འདྲ་ཞིག་ལ་ཐུག་ཀྱང་མི་ཚེའི་སྐྱིད་སྡུག་གཉེར་མ་འདྲིལ་བ་འདི་གང་ལྟར་ཡང་བཟློག་དཀའ། ཁྱད་པར་དུ་དེང་སང་གྲོང་དང་འཕེལ་རྒྱས་ཀྱི་རྒྱལ་ཁམས་ཡིན་སྐད་ཅི་རིགས་སུ་ཡང་ལུས་སེམས་གཉིས་ཀ་གཅོང་གིས་སུན་བཞིན་ཡོད་པ་ནི་མངོན་སུམ་རེད། དེས་ན་སྡུག་ཐོག་བབས་ཤིག་ལ་འཁོན་དང་འཁང་ར་དོན་ཡོད་མེད་ཐམས་ཅད་ལ་མི་དཀྲི་བར་རང་གི་ལས་ངན་པ་བྱས་པའི་ལས་འབྲས་ལ་ཡིད་ཆེས་པ་ནི་དགོས་པ་ཉག་མཁོ་ཆེ་བའི་དོན་ངོ་མ་དེ་རེད། སྡུག་གློ་བུར་ཐོག་བབས་སུ་བྱུང་བར་མྱུར་དུ་གློག་འགྱུ་འཚུབ་པ་ལྟར་གྱི་སེལ་ཐབས་ཤིག་མེད་ལ། ཁག་དང་ལེ་ལན་གཞན་ལ་བདའ་དེད་མང་སོང་ན་སྡུག་རྙིང་པའི་སྟེང་སྡུག་གསར་པ་ཡང་འོང་ཚོད་གདའ་བས། དེ་བས་སྡུག་གི་ལེ་ཁག་རང་ལ་ཡོད་པ་འདི་ངེས་ཤེས་འདྲོངས་ན་ཕུགས་སུ་བཤད་ཅི་དགོས། གནས་སྐབས་སུ་ཡང་སུན་པའི་སྣང་བ་འདི་དུས་ཀྱི་འཁོར་མོར་ཡུན་གྱིས་ཡལ་འགྲོ་ཐབས་དེ་བས་བཟང་དང་ཆོས་ལམ་བཟང་པོ་དེ་བས་བཟང་ཞིག་མེད་སྐད། དེ་ཚོ་ནི་བཟང་ཡོན་ཏན་གྱི་ཆ་ནས་རེད། དེ་མིན་ནི་བོད་མིའི་བྱ་སྤྱོད་རྣམ་པ་གང་དུ་ཡང་ཆོས་ལ་དད་པ་འདི་རང་གི་ངོམ་ཆོས་ཤིག་ཏུ་བརྩི་སྐད། འོན་ཀྱང་ཕྱིའི་བྱ་སྤྱོད་ནང་ལྟར་དུ་ནང་ཡང་འཛོམས་ན་ཆོག་མོད། ནང་ན་སྐྱོན་ཅི་རིགས་ཤིག་གསར་དུ་ཐོན་བཞིན་ཡོད་ཚོད་གདའ་སྟེ། རྫ་དཔལ་སྤྲུལ་རིན་པོ་ཆེས་ཀྱང་། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་བཟང་ལ་རག་ལས་པས། །དེ་བས་བསམ་པ་བཟང་ལ་ནན་ཏན་མཛོད། །ཅེས་གསུངས་པ་ལྟར་ཆོས་ཀྱི་སྙིང་དོན་རྩ་ཆེ་བ་ཞིག་ནི་གཞན་ལ་ཕན་སེམས་མ་ཐུབ་ན་ཡང་དོན་མེད་པར་གནོད་སེམས་མི་འཆང་བ་འདི་ཆེས་མནོག་ཆོས་ཆེ་བ་ཞིག་དང་དགོས་གལ་ཆེ་བ་ཞིག་ཡིན། རེད་དེ་ད་ལྟ་ནི་བོད་མི་ནང་ཁུལ་དུ་ས་ལག་མཐིལ་ཙམ་རེ་ལ་རྩོད་པ་རི་རབ་འདྲ་བ་བྱེད་ཅིང་། གྱོད་ཁ་མཆུའི་བཤགས་ཡ་ལ་ཁ་ཆེན་པོ་གདངས་ཅི་ཐུབ་བྱེད་པ། གྱོད་དང་ཁག་འགེལ་ཐམས་ཅད་འདོགས་ཅི་ཐུབ་ཀྱིས་བཏགས་འདོགས་བགྱིས་ནས་ཐ་ན་ཁྲེལ་དང་ངོ་ཚ་ཡང་བོར་བའི་ཚུལ་གྱིས་རྒྱལ་ཁབ་གཞུང་གི་ཁྲིམས་སྒོ་ཚུན་ཆད་ལ་གཏུག་གཤེར་བྱེད་པ་འདི་ཚོའི་ནང་དུ་བོད་མི་རྒན་གཞོན་ཕོ་མོ་ཅི་རིགས་ཡོད་ལ། ཐ་ན་ཆོས་ཀྱི་རིང་ལུགས་པའི་བླ་སྤྲུལ་མཁན་པོ་དང་བཅས་པ་ཡང་ཡོད། འདི་ཚོ་ནི་བོད་མི་ཆོས་ཀྱི་ཕན་སེམས་ཅན་གྱི་མི་གཤིས་ལས་ཇེ་རིང་ནས་ཇེ་རིང་དུ་འགྲོ་བཞིན་པའི་རྣམ་པ་རེད། མ་གཞི་རྒས་འཁར་བ་ཅན་ལ་གཡོག་མི་མེད་ཅིང་། ཆུང་གོག་འགྲོས་ཅན་ལ་སྐྱོར་མི་མེད་པ་ལ་ཐུག་གི་ཡོད་པ་འདི་ཚོ་བོད་མིའི་ཆོས་ཀྱི་ནང་དོན་སྙིང་པོ་ལྷ་ཆོས་མི་ཆོས་གཉིས་ཀྱི་རྩིག་རྨང་ལྟ་བུ་མི་ཆོས་ཀྱི་གཞི་མ་བརླག་ཚར་བའི་དོན་ཡིན་ལ། འདི་འདྲ་སླར་སོས་ཐབས་ཆེས་ཡག་ཤོས་ནི་ཕན་སེམས་འབའ་ཞིག་ལ་ཐུག་ཡོད། མདོར་ན་ཕན་སེམས་འདི་ཡོད་ན་ཁྱིམ་མཚེས་དང་ཚོ་བ་ཁྱིམ་ནང་གི་བཟའ་ཚང་ལ་སོགས་བདེ་བར་གནས་ཐབས་ཉག་ཅིག་ཡིན་ལ། དེ་ལྟར་མིན་ན་རྩོད་དང་འཁང་ར་མི་ཆད་པ་འདི་ཡོད་ཕྱིན་མཐར་གཏུག་ན་མངོན་ལྐོག་ཅི་རིགས་ནས་གསོད་གཅོད་ལ་གཏུག་སྲིད་པས། དེ་བས་བསོད་ནམས་མ་ཡིན་པ་ཆེན་པོ་ཞིག་མེད། དེས་ན་ཆོས་ཀྱི་སྙིང་པོ་མི་ཆོས་བཟང་པོ་ཞིག་ཐོན་དགོས་པ་ཡིན་པས་བཟའ་ཚང་དང་བུ་རྒྱུད་མནའ་མ་བུ་ཐང་མག་སྐུད་ལ་སོགས་པའི་བར་དུ་མ་མཐར་ཡང་འབྲེལ་བ་བཟང་པོ་ཆགས་ཐུབ་དགོས་པ་ཡོད། དེ་ཡོད་ཕྱིན་གཞི་དེ་ལས་འཕྲོས་ནས་ཁྱིམ་མཚེས་ལ་སོགས་པ་ལ་ཁྱབ་པར་བྱས་ན་འོང་ཐུབ་པ་ཞིག་རེད། དེ་ལྟར་མིན་ན་རང་གི་ཕ་མ་གཅིག་ལས་ཆད་པའི་སྤུན་སྲིང་དང་ཤ་ཆད་ཀྱི་བུ་ཕྲུག་སོགས་ཀྱི་བར་དུ་འཁང་ར་རྩོད་གཞི་མི་ཆད་པ་ཡོད་བཞིན་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་གང་ཟག་ཏུ་ཁས་འཆེ་ན། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལས་ཀྱང་། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེང་བས་བྱས་པ་ནི། །དེ་དག་དོན་མེད་གྱི་ནར་འཁྱམས། །ཞེས་པ་ལྟར་བཏོན་བཏོན་བགྲང་བགྲང་ལོག་པའི་སྨོན་ལམ་གྱིས་ཟིན་པར་འགྲོ་མི་སྲིད་པའི་དབང་དུ་བཏང་ན་ཡང་། དེ་དག་ཆུད་ཟོས་སུ་གཏོང་བ་ནི་སྨྲོས་ཀྱང་ཅི་དགོས། དེ་ལྟར་ཡིན་ན་གྱོད་དང་ཁ་མཆུའི་བཤགས་ཡ་ལ་འབོད་ཁ་མཐོ་སོང་བས་སུ་ལ་ཡང་ཕན་གྱི་མེད་ལ། མ་གཞི་བོད་ཀྱི་གཏམ་དཔེར། སྟོངས་ཟོས་ནས་ཕྱུག་པོར་སོང་རབས་མེད། །སྟོངས་ཤོར་ནས་སྤྲང་ལ་ཐུག་རབས་མེད། །ཅེས་པ་ཡང་ཡོད་ཅིང་མི་ལ་སྟོང་གི་འབོད་ཁ་ཆེ་སོང་ན་རྒྱུ་འབྲས་ཕོར་བ་ཁ་འཁོར་ཞེས་པ་ལྟར་། ཉིན་ཞིག་རང་གི་ཉེ་སྐོར་གྱི་སྟེང་དུ་ཚུར་འཁོར་བ་ཡང་སྲིད་པ་ཞིག་ཡིན་པས་སྔ་འདིང་ཕྱི་འདིང་གཉིས་ཀ་བརྒྱབ་ན་ཡག་ཤོས་རེད། དེ་མིན་རྒྱལ་ཁབ་གཞུང་གིས་ཁྲིམས་སྐྱོང་ལམ་ལུགས་ལག་ལེན་བསྟར་བའི་གྲབ་ཤོམ་ཡོད་པའི་དུས་འདིར། གཞུང་ལ་གཏུག་གཤེར་བྱེད་པ་འདི་འགལ་བ་ཆེན་པོ་མེད་ན་ཡང་། དེ་ལ་ཡང་མནོ་བསམ་ལེགས་པོ་བཞེས་དགོས་ས་ཡོད། ཁྱད་པར་དུ་བླ་སྤྲུལ་ཚོས་ཁྲིམས་ལུགས་དང་འབྱོར་མིན་ཅི་རིགས་གཏུག་གཤེར་བྱེད་པ་འདི་མཛེས་པའི་འཕྲུ་མི་འཛུགས་པར་མཚང་གི་གོད་ཡོང་བའི་ཉེན་ཁ་ཧ་ཅང་ཆེ། མ་གཞི་གྱོད་ལ་གཏུག་པ་འདི་མ་གཏུག་ཐབས་མེད་འབའ་ཞིག་ལས་ཡོང་ལུགས་སྣ་དགུར་གྱོད་ལ་ཐོགས་རྒྱུ་མང་སོང་ན་འབུལ་བ་ར་རིན་མེད་པར་རྡོ་རྗེ་དྲེལ་རིན་བོར་བའི་གླེང་གཞི་ཧ་ཅང་མང་། དེ་ལྟ་ན་ཁྲིམས་གྱོད་ལ་གཏུག་པ་འདི་གཞུང་ལམ་གྱི་འགྲམ་དུ་ཀེར་བའི་ལམ་རྟགས་ཆུ་རྟགས་བྲིས་པ་ལྟར་སྐབས་འགར་མེད་ཐབས་མེད་ཅིང་རྣམ་པ་ཀུན་ཏུ་དེས་གང་སོང་ན་གཏན་ནས་མི་བདེ་བ་ཞིག་ཆགས་ཀྱི་ཡོང་གི་ཡོད་པ་ཡིན་ནོ། །
  གསུམ། བོད་མིའི་ལས་རིགས་ཀྱི་སྐོར་ལ་བསམ་འཆར།
  བོད་མིའི་ལས་རིགས་ཀྱི་སྐོར་ལ་གནའ་སྔ་མོ་ཡིན་ན་འབྲོག་ལས་ཞིང་ལས་ཚོང་ལས་ལག་ཤེས་ཀྱི་ལས་ཀ་སོགས་ནི་དར་རྒྱས་ཆེ་ཙམ་ཡོད་སྐད། ལས་རིགས་འདི་ཚོ་ལ་ཡང་བསམ་བློ་གཏང་དགོས་ས་ཧ་ཅང་མང་། བོད་མི་ཚོས་འབྲོག་ལས་དང་ཞིང་ལས་ནི་རྒྱ་ཇེ་ཆུང་དུ་འགྲོ་བའི་སྒང་ཡིན་ལ། དེ་ཡང་བཟློག་ཀྱང་དཀའ་བ་ཞིག་རེད། འོན་ཀྱང་ད་ལྟ་བོད་མི་སློབ་གསོ་མྱོང་མཁན་རྣམས་ནས་ལས་རིགས་ཤིག་ལ་གཞུང་གི་ལས་དོན་ལ་ཞུགས་པ་ལས་ལས་རིགས་གསར་པ་གང་ཡང་འཕེལ་རྒྱས་ཡོང་གི་མེད་ཅིང་། དེ་ཙམ་གྱིས་བོད་མིའི་ཁ་རྒྱབ་གསོ་ཐབས་ཁེབས་དཀའ་བ་ཞིག་རེད། བོད་མི་སློབ་གསོ་མྱོང་མཁན་བར་མ་དོ་བ་འགའ་ཚོང་ལས་ལ་སོགས་ལས་རིགས་གཞན་པ་ལ་འཇོན་དང་འདུན་པ་གཉིས་ཀ་མེད་ཅིང་ཕྱུག་དང་འབྱོར་བའི་ངོམ་སོ་ནི་ཡོད་དགོས་པ་ཐམས་ཅད་ཀྱང་ཡིན་པས། མང་ཆེ་བ་ཞིག་ནི་ལྐོག་ཚོང་དང་རྐུ་བརྫུན་སོགས་སྤྱི་ཚོགས་ནག་པོའི་ཚོགས་མིར་གྱུར་ཡོད་པས་དེ་འདྲ་དེ་བཤོལ་ཐུབ་ན་ཅི་ནས་ཀྱང་དགའ། མ་གཞི་ལག་ཤེས་དང་ཚོང་ལས་ལ་སོགས་པའི་ལས་ཀ་ལ་སོགས་འདི་མ་ཤེས་ན་བོད་མིས་བདེན་པ་གསུམ་གྱི་འཚོ་བ་སྐྱེལ་ཐབས་དཀའ་བར་གྱུར་ཡོད། སྒོར་མོ་ཉུང་ཙམ་རེ་ཡོད་ཕྱིན་དེར་ཕྱིར་བསྟན་ནས་འདུག་སྲོལ་འདི་བོད་མིའི་མཚང་གི་ནང་ནས་མཚང་ཆེན་པོ་ཞིག་རེད། ཚོང་ལས་ལ་སོགས་པ་ཅི་ཡིན་ཡང་འབད་བརྩོན་ཡུན་རིང་མ་བྱས་པར་འགྲུབ་ཀྱང་དཀའ་བ་ཞིག་ལ་སྐོར་རེར་ཕམ་ཁ་སོགས་ཀྱང་ཡོད་སྲིད་པ་ཞིག་ལ་དེ་བོད་མི་ཚོས་མི་བྱེད་ཀ་མེད་ལ་ཐུག་ཡོད། དེ་བྱས་ན་འགྲུབ་མི་སྲིད་པ་ཞིག་ཀྱང་ག་ལ་ཡིན། ལས་ཀ་ཐམས་ཅད་ལད་མོ་ཡིན།།ལད་མོའི་ནང་ནས་སུ་མཁས་ཡིན། །ཞེས་པ་ལྟར་མ་ཡིན་ནམ། དེ་མིན་ན་བོད་མི་རྒན་པོར་གྱུར་ཕན་ཆད་ཆོས་བྱེད་པ་ཡིན་སྐད་ཅེས་སྐྱིད་ཉལ་སྐྱིད་ཟས་ཀྱི་རྟེན་འཁར་འཆའ་བ་ལྟ་བུ་འདི་འདྲ་ཁོ་ན་བྱེད་མཁན་མང་སོང་ན་ཧ་ཅང་མི་བཟང་ཞིང་སྟབས་ཁ་ཡང་འགྲིག་དཀའ་བ་ཞིག་ཡིན་ནོ། ། ། ། 
  • ལེ་ཚན་སྔོན་མ།:གཤིན་རྗེའི་ལག་ནས་འཕྲོག་པའི་ཚེ་སྲོག
  • ལེ་ཚན་རྗེས་མ།:སྒང་པ་བ་ཡི་རྫི་བོ།