ལོ་གསར་བཟང་།རེ་བ་ཡི་དར་དཀར་ཞིག

ཆམ་མེ།        2016-03-02

ལྷག་བསམ་གངས་ལས་དཀར་ཞིང་བརྩེ་བ་མཚོ་ལས་ཟབ་པའི་བདག་དང་བློ་ཐག་ཉེ་བའི་རིགས་གཅིག་གི་སྤུན་ཟླ་ཀུན་ལ་ལོ་གསར་གྱི་འཚམས་འདྲི་དང་ལྷན་དུ་རེ་བ་ཡི་དར་དཀར་ཞིག་འཐེན་ན་འདོད་སོང་།
༼ གཅིག ༽
སྤྱིར་ལོ་གསར་པའི་ནང་དུ་འགྲོ་དྲུག་སུ་ཞིག་ཡིན་ཡང་བདེ་སྐྱིད་ལྷ་དང་མཉམ་པའི་འཚོ་བ་དང་ཞི་བདེ་མཚོ་ལས་འཇགས་པའི་གོ་ལ་ཞིག་ལ་རེ་ནས་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་མོད། གལ་ཏེ། ང་ཚོ་ལ་བདེ་སྐྱིད་ཀྱི་འཚོ་བ་དང་ལྷིང་འཇགས་ཀྱི་གོ་ལ་ཞིག་ཐོབ་འདོད་ན། དང་ཐོག་ཉེར་གཅིག་གི་ཁྱིམ་ཚང་ཆེན་མོ་ལ་གཅིག་ཤ་གཅིག་གིས་བཟའ་མཚམས་འཇོག་དགོས་ལ། གཅིག་ཉོ་གཅིག་ཚོང་བྱེད་པའི་སྤྱོད་ངན་དེ་དག་ཀྱང་རང་ཉིད་ཀྱི་འཚོ་བ་དང་བར་འགྱང་རིང་དུ་གཏང་རྒྱུར་འབད་པ་ལྷོད་མེད་བྱ་དགོས།
༼ གཉིས། ༽
ལོ་གསར་པའི་ནང་དུ་ང་ཚོའི་འཚོ་བ་འདི་དཀའ་ཚེགས་ལས་གྲོལ་འདོད་ན། ཤེས་རིག་གི་གནས་ལ་འབད་པ་བྱ་དགོས། གལ་སྲིད། ང་ཚོ་སྔར་བཞིན་ཤེས་རིག་སློབ་པར་དགྲ་བོ་དང་ལྟ་ལོག་ལ་བརྩི་ཡོང་ན། དཔལ་འབྱོར་དང་ཡུལ་སྲོལ་གོམས་གཤིས། གནས་ལུགས། རྒྱལ་ཕམ་སོགས་མིག་གིས་མཐོང་བཞིན་དུ་བརླག་རྒྱུར་ངེས་པས་ང་ཚོས་ལོ་གསར་པའི་ནང་དུ་རང་རིགས་ཀྱི་སྐད་ཡིག་ལ་བརྩེ་བ་བཅང་ཞིང་། འཚོ་བ་དང་ཁ་ཐག་ཉེ་རུ་གཏང་ན། ཏན་ཏན་ང་ཚོའི་འཚོ་བ་ཙམ་མ་ཚད་སྤྱི་ཡི་ཐད་ནས་ཡར་ཐོན་ངེས་ཅན་ཞིག་འབྱུང་ངེས།
༼ གསུམ། ༽
མི་རེ་ལ་དགའ་ཕྱོགས་རེ་ལྡན་པ་བཤད་ཅི་ལ་དགོས། ཡིན་ཡང་དགའ་ཕྱོགས་ལ་ཚོད་འཛིན་དང་ལེགས་ཉེས་བརྟག་དཔྱད་བྱ་རྒྱུ་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན་པ་ཤེས་དགོས། རྒྱུ་མཚན་ནི་དགའ་ཕྱོགས་ཞེས་པ་འདི་དང་མི་སོ་སོའི་འཚོ་བ་དང་ཡང་ན་མི་ཚེ་ཐན་ཐུན་ཞིག་དང་འབྲེལ་བ་དམ་ཟབ་ཡོད་པས་ངེས་པར་དུ་བརྟག་དཔྱད་བྱ་དགོས། དཔེར་ན། ཤོ་སྦག་དང་ཆང་རག་ལ་སོགས་པའི་ཐད་ལ་དགའ་ཞེན་ཆེ་དྲགས་ན། ཁྱིམ་ཚང་དང་གཉེན་ཉེ། བཟའ་ཚང་ལ་སོགས་པའི་བར་དུ་མི་བདེ་བ་བཟོ་བཞིན་དཀའ་སྡུག་གི་གནས་སུ་གྱར་མཁན་འབའ་ཞིག་ཡིན། ང་ཚོས་གནས་སྐབས་ཀྱི་བདེ་སྐྱིད་དང་སྐབས་འཕྲལ་གྱི་སྤྱོད་པ་ལ་བསམ་གཞིག་ངེས་ཅན་ཞིག་བྱ་དགོས།
༼ བཞི། ༽
འཁོར་རིགས་ཀྱི་ཐད་ལ་གཟབ་རོགས། རྐྱེན་ཞེས་པ་འདི་ནི་བསམ་ཡུལ་ལས་འདས་པས། མིག་སྔར་དགའ་སྐྱོའི་འཚོ་བར་རོལ་བཞིན་དུ་སྐད་ཅིག་ཙམ་གྱིས་འཇིག་རྟེན་གྱི་ཁམས་ནས་བྲལ་དགོས་པའི་རྐྱེན་ངན་ཞིག་དང་འཕྲད་སོང་ན། ཁྱོད་དང་འབྲེལ་ཡོད་ཀྱི་ནང་མི་གཙོ་བོ་གྱུར་པའི་གཉེན་ཉེ་ཀུན་གྱི་སེམས་སུ་སྡུག་བསྔལ་དང་མནར་ཟུག་དེ་དག་སུ་ཞིག་ལ་བཤད། དེས་ན་མ་འོངས་པར་འཕྲུལ་འཁོར་གྱི་རིགས་ལ་ངེས་པར་དུ་གཟབ་གཟབ་བྱ་རོགས།
མཇུག་གཏམ། ལོ་གསར་པའི་ནང་དུ་ལུས་བདེ་སེམས་སྐྱིད་དང་ཕུ་ནུ་མཉམ་འཛོམ་ཡོང་བར་སྨོན་ནོ། །
  • ལེ་ཚན་སྔོན་མ།:སྦྲ་ནག ངའི་གཞིས་ཁྱིམ་དྲོན་མོ།
  • ལེ་ཚན་རྗེས་མ།:གཅེས་ཕྲུག་ཚོ། སློབ་གྲྭར་ཤོག