གཅེས་ཕྲུག་ཚོ། སློབ་གྲྭར་ཤོག

འོད་ཟེར་སྒྲོལ་མ།        2016-03-11

ལོ་རྒྱུས་ཀྱི་ཆུ་ཀླུང་རིང་མོ་ཞིག་ནས་དུས་རབས་ཀྱི་ཟེགས་མ་མཁའ་ལ་འཕྱོ་བ་ནི།ང་ཚོ་སྟེ་བོད་གངས་ཅན་གྱི་མི་རབས་གསར་བ་རེད།རེད་ཡ།ང་ཚོ་དང་ང་ཚོའི་མི་རིགས་ནི་གདོད་མའི་དུས་ནས་མཚོ་བོད་མཐོ་སྒང་དུ་ནར་སོན་པའི་ལོ་རྒྱུས་ཀྱི་གྲུབ་ཆ་ཞིག་དང་ལོ་རྒྱུས་ཀྱི་བདེན་དཔང་ཞིག་ཡིན།ཉི་འོད་ཀྱི་འཛུམ་དཀར་འཐུང་ཞིང་སྐར་ཚོམ་གྱི་མེ་ཏོག་འཐུ་བའི་ང་ཚོ་སྟེ།དེ་རིང་གི་གཞོན་ནུ་ཚོ།འུ་ཅག་ལ་དགོས་པ་ནི་མི་ཚེ་ཡི་རིན་ཐང་དང་མི་ཚེ་ཡི་བདེ་སྐྱིད་ཡིན།ལོ་ཟླ་ཡི་མཁའ་དབུགས་དྲོན་མོའི་ཁྲོད་ནས།ཁྱེད་ཅག་གིས་དབྱངས་གསལ་གྱི་གདངས་དབྱངས་གཉོམ་པོ་མཁའ་ལ་གཏོར་དུས།དུས་རབས་ཤིག་གིས་ཚན་རིག་གི་རིན་ཐང་དང་མི་རབས་ཤིག་གིས་ཕུགས་བསམ་གྱི་རིན་ཐང་གླེང་།ཡིན་ཡང་།མཐོ་སྒང་གི་རྫ་རི་དང་བྲག་རི།སྦྲ་ནག་གི་ཁ་ཚུབ་བར་ནས་ཐག་ནག་གི་འུར་ཆ་དགུང་ལ་ཕྱར་ཏེ།མི་ཚེ་ཡི་རིན་ཐང་རླུང་ལ་སྤུར་བའི་བདག་ཅག་གི་གཞོན་ནུ་དེ་ཚོ་ཁྱོད་ཀྱིས་ཨེ་མཐོང་།ས་རྡུལ་དང་གད་སྙིགས་ཀྱི་རླུང་འཚུབ་ཁྲོད་ནས་རང་ཉིད་ཀྱི་འདུན་པ་བོང་རྒན་སྐྱ་རྡང་ལ་བཅོལ་བའི་གཞོན་ནུ་དེ་ཚོ་ཁྱོད་ཀྱིས་ཨེ་མཐོང་།སྙིང་རྗེ་བ་ལ།སློབ་གསོའི་བྲོ་བ་མྱངས་མ་ཐུབ་པ་དང་།སློབ་གསོའི་འོ་མ་འཐུང་མ་ཐུབ་པ།སློབ་གསོའི་བདུད་རྩིར་རོལ་མ་ཐུབ་པ།སློབ་གསོའི་རྟ་ཕོར་བཞོན་མ་ཐུབ་པའི་གཞོན་ནུ་དེ་ཚོ།ཁོ་ཚོ་ནི་གཞུང་དྲང་ཡ་རབས་ཀྱི་བྱིས་པ་ཞིག་ནས་བསམ་མེད་ཀླད་མེད་ཀྱི་མགོ་སྟོང་ཞིག་ཏུ་གྱུར་པའི་རྒྱུ་མཚན་ཅི།འདི་ནི་དུས་རབས་ཤིག་གིས་ང་ཚོ་ལ་དྲིས་པའི་དྲི་བ་དང་།དུས་རབས་ཤིག་གིས་ཁོ་ཚོ་ལ་ཁྲེལ་དགོད་བྱེད་པའི་སྡོམ་ཚིག་རེད།སྡོམ་ཚིག་དང་དྲི་བའི་ཁྲོད་ན་ཁྱེད་ཅག་ལ་དགོས་པའི་ཤེས་བྱ་དང་།ཁྱེད་ཅག་ལ་དགོས་པའི་སློབ་གསོ་ཡོད།དུས་རབས་ཀྱི་འབོད་སྒྲ་དང་མདུན་སྐྱོད་ཀྱི་གོམ་སྒྲའི་ཁྲོད་ན་མི་རིགས་ཤིག་གི་ཁྱད་ཆོས་དང་མི་རིགས་ཤིག་གི་རྣམ་ཤེས་གསོན་པོ་གནས་ཡོད།སྔོན་ཐོན་མི་རིགས་ཀྱིས་ཚན་རིག་དང་སློབ་གསོའི་ལག་རྗེས་ཟླ་བའི་གོ་ལར་འཇོག་དུས།རང་གི་རིགས་འདིའི་ངོ་མཚར་གྱི་ལག་རྗེས་གང་དུ་བྲོས།འུ་ཅག་གི་མི་རིགས་འདི་ད་དུང་མུ་མཐུད་དེ་རྗེས་ལུས་དང་ཀླ་ཀློ་ཡི་ངང་ཚུལ་དུ་གནས་དགོས་པ་ཨེ་རེད།གཏན་ནས་མིན།ང་ཚོའི་མི་རིགས་འདིར་ཡང་སྔོན་ཐོན་གྱི་མི་རིགས་གཞན་དང་འདྲ་བར་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དང་།བླང་དོར་འབྱེད་པའི་བློ་གྲོས་ཡོད།སློབ་གསོ་ནི་ཕུགས་བསམ་ཡོད་པའི་མི་རིགས་ཤིག་གི་ཟུངས་ཁྲག་དྲོན་མོ་ཡིན་པ་ཁྱེད་ཅག་གིས་ཨེ་ཤེས།མ་འོངས་པའི་གངས་ལྗོངས་ནི་གཅེས་ཕྲུག་ཁྱོད་ཚོར་དབང་བས།ཁྱེད་ཅག་གི་ཁོག་ན་སྙིང་གསོན་པོ་ཞིག་དང་རྣམ་ཤེས་གསོན་པོ་ཞིག་ཡོད་ན།རང་ཉིད་ལ་མཁོ་བ་ནི་རིག་གནས་དང་ཡོན་ཏན་ཡིན་པ་ལོས་ཤེས།ཤེས་རིག་གི་ཞིང་ཁམས་འདི་ནས་ཡོན་ཏན་གྱི་འདབ་གཤོག་རྒྱས་ཏེ།མ་འོངས་པའི་གངས་ལྗོངས་ཀྱི་མཁའ་དབྱིངས་ལ་ལྡིང་འཁོར་བརྒྱག་རྒྱུ་ནི།ང་ཚོའི་ཕུགས་བསམ་ཡིན།དུས་རབས་ཤིག་གི་དཀྱོགས་མཚམས་ན་གནས་པའི་མི་རིགས་འདིའི་མི་ཚེའི་མདུན་ལམ་འཚོལ་དགོས་ན།ཐོག་མ་ཉིད་ནས་སློབ་གྲྭར་སོང་སྟེ་རིག་གནས་སྦྱང་དགོས།གཅེས་ཕྲུག་ཚོ།སློབ་གྲྭ་ནི་ཁྱེད་ཅག་གི་མ་ཡུམ་དང་།སློབ་གསོ་ནི་ཁྱེད་ཅག་གི་མདུན་ལམ་ཡིན་པས།སློབ་གྲྭར་ཤོག
  • ལེ་ཚན་སྔོན་མ།:ལོ་གསར་བཟང་།རེ་བ་ཡི་དར་དཀར་ཞིག
  • ལེ་ཚན་རྗེས་མ།:ངས་དཔྱིད་དུས་ལ་བསྔགས་ན་འདོད་ཀི