ལང་ཚོའི་གསོན་ཤུགས་རྒྱས་པའི་དུས་ཚིགས་འདི་ནི་ན་ནིང་དགུན་ཁ་ནས་ཨ་མས་རེ་སྒུག་བྱས་པའི་ཕུགས་ཀྱི་རི་མོ་ཡིན་ལ། བྲེ་སེར་འབྲོང་གི་རྭ་རྩལ་ངོམས་སའི་ལོ་ཟླའི་ཁུགས་སོ་རིང་མོ་ཞིག་ཀྱང་ཡིན།
ཁུ་བྱུག་ཟེར་བའི་བྱ་ཞིག་གིས་དུས་ཚིགས་འདིར་ཁ་གཡང་སྒྲོག་གིན་ཡོད། བཀྲ་ཤིས་དང་སྒྲོལ་མ་ཟེར་བའི་མི་བུ་གཉིས་ཀྱིས་དུས་ཚིགས་འདིར་བཀྲ་ཤིས་པའི་ཁ་བཏགས་དར་དཀར་ཅིག་དང་དོན་འགྲུབ་པའི་སྒྲོལ་མ་ཚར་གཅིག་བཏོན་ཡོད། དཔྱིད་ཀ་ཞེས་པའི་དུས་ཚིགས་སྙིང་ཉེ་ཉེ་དེ། རུས་དུང་དུང་དེ། ནམ་རྒྱུན་ངའི་རྨི་ལམ་དུ་སྦྲུམ་པའི་འཆར་ཡན་དེའི་རྣམ་ཤེས་ཡིན། རྟག་ཏུ་ངའི་སྨྱུག་རྩེ་ནས་བཞུར་བའི་སྙན་ངག་གི་དང་མ་འདྲེན་བྱེད་ཡིན། དཔྱིད་ཀས་ང་བསླུས་བྱུང་། བསླུ་བྲིད་ཀྱི་རང་བཞིན་དང་བཅས་ཏེ། སྒྱུ་འཕྲུལ་གྱི་ཟུར་མིག་དེའི་ལོགས་ནས་བསླུས་བྱུང་།
དཔྱིད་ཀ་ཞེས་པའི་དུས་ཚིགས་འདི་ནི་ངས་འབྲི་རིན་ཡོད་པའི་མིང་ཚིག་གསོན་པོ་ཞིག་ཡིན་ལ། དུངས་ཞེན་མོད་པའི་ཚོར་བ་གཟུགས་མེད་ཅིག་ཀྱང་ཡིན། དཔྱིད་ཀ་སླེབས་ཐེངས་རེར། ངས་དཔྱིད་ཀ་ལྟ་བུའི་སྙན་ངག་ཅིག་དྲན་སྲིད་ལ། སེམས་འགྱུ་ལྟ་བུའི་དཔྱིད་ཀའི་གཟུགས་བརྙན་དེ་དྲན་ངེས། དཔྱིད་ཀ་ནི་ཤག་ཤག་བཞུར་བའི་རྨ་ཆུ་སྔོན་མོའི་རང་སྒྲ་ཡིན་ལ། དཔྱིད་ཀ་ནི་གནམ་འཕངས་བསྟད་པའི་ཁྲུང་ཁྲུང་དཀར་མོའི་གཤོག་འགྱུར་ཡིན།
དཔྱིད་ཀ་ནི་འདྲ་པར་ཞིག་ཡིན། པར་ལེན་འཕྲུལ་ཆས་ཀྱིས་ཕབ་མི་ཐུབ་པའི་ཡིད་ཀྱི་མཛེས་མ་སྙིང་སྡུག་མ་དེ་ཡིན། ང་རང་དཔྱིད་ཀ་ལ་དུངས་བས། དཔྱིད་ཀ་དེ་ཐོན་མ་ཐག་ནས་དབྱར་ཐོན་ཞིང་། མེ་ཏོག་དེ་སྐྱེས་མ་ཐག་ཏུ་མགོ་ལྕོག་ལྡེམ། ཆར་བ་དེ་བབས་མ་ཐག་ནས་ཉི་མ་ཤར་ཞིང་། སྐྱ་རེངས་དེ་ཚེས་མ་ཐག་ཏུ་ས་སྲོས་ཀྱི་མཚམས་སྤྲིན་བརྟོལ། དཔྱིད་ཀ་ནི་འདི་ལྟར་མིག་ལམ་ནས་བཞུད་སོང་ལ། དཔྱིད་ཀ་ནི་འདི་ལྟར་ཐ་སྙད་དང་ཐ་སྙད་བསྡེབས་ཏེ། མིང་ཚིག་དང་མིང་ཚིག་འབྲེལ་ནས་ངའི་སྙན་ངག་ཏུ་སྒོམ་པའི་མཛེས་མ་དེའི་ལུས་སུ་སྤྲུལ། རྒྱུ་མཚན་དེའི་དབང་གིས། སྨྱུག་རྩེ་ནས་དཔྱིད་ཀའི་མཛེས་བ་བྲིས་མི་ཚར་ལ། ཤོག་ངོས་སུ་དཔྱིད་ཀའི་ལང་ཚོ་ཤོང་མི་ཐུབ།
དཔྱིད་ཀའི་སྦུབས་སུ་མང་པོ་ཞིག་སྦས་ཡོད། ངའི་སྙན་ངག་ཏུ་འཕྲུལ་བའི་མཛེས་མ་དེའི་འཛུམ་མདངས་སྦས་ཡོད། ངའི་དྲན་ཤིང་དུ་འབོད་པའི་བུད་མེད་དེའི་བརྩེ་བ་སྦས་ཡོད། འགྲེལ་བ་དེའི་སྣེ་ཁྲིད་ནས་ང་དཔྱིད་ཀ་ལ་དུངས་སུ་བཅུག་ཅིང་དཔྱིད་ཀ་ལ་སྙན་ངག་ཅིག་བྲི་རུ་བཅུག དཔྱིད་ཀ་ནི་ངའི་སྙན་ངག་གི་ནང་བཅུད་ཡིན་ལ། ངའི་དྲན་ཤིང་མའི་བྱུ་རུའི་སྐེ་རྒྱན་ཡིན།