ནམ་ཡང་ཕྱིར་དྲན་བྱེད་འོས་པའི་སློབ་གྲྭའི་འཚོ་བ།

དགེ་ལེགས་འཇམ་དབྱངས།        2016-05-30

དུས་ཚོད་ནི་སྐད་ཅིག་སྐད་ཅིག་ཏུ་མིག་མདུན་ནས་ཆུ་བོ་རྒྱུག་པ་བཞིན་འདས་སོང་། སྐབས་རེར་བདག་གིས་མཐོང་ཡང་མི་མཐོང་ལ་ཐོས་ཀྱང་མི་ཐོས་པར་ཁ་རོག་གེར་བདག་དང་ཁ་བྲལ་སོང་། དུས་ཚོད་ཀྱིས་བརྡ་ཙམ་ཡང་མི་རྒྱག་པར་ངའི་མི་ཚེའི་ཕྱེད་ཀ་ཙམ་ཟད་སོང་། དུས་ཚོད་ནི་མི་ཚེ་རེད། མི་ཚེ་ནི་ཚེ་སྲོག་རེད། མཛེས་པའི་ལང་ཚོ་ཡང་བདག་དང་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པས་བདག་ནི་ཅི་འདྲའི་བུ་སྡུག་ཅིག་རེད་ཨང་། རིན་ཆེན་གསེར་ལས་ལྷག་པ་དང་ཚེ་སྲོག་ལྟར་གལ་ཆེ་བའི་དུས་ཚོད་ནི་ཤེས་མེད་ཚོར་མེད་ཀྱི་ངང་ནས་འཕྲོ་བརླག་བྱས་པ་ཡིན། རང་ཉིད་ཀྱི་དུས་ཚོད་ལ་གཅེས་འཛིན་བྱ་རྒྱུ་མ་གཏོགས་དུས་ཚོད་ཀྱིས་ནམ་ཡང་སྒུག་མི་སྲིད། དེ་བས་དུས་ཚོད་ནི་ཚེ་སྲོག་ཡིན། དུས་ཚོད་ནི་ནམ་ཡང་བསྐྱར་ལྡོག་བྱ་མི་སྲིད། མི་ཚེ་ནི་རི་མོ་ཞིག་དང་འདྲ་བར་ཕྱོགས་གང་ལ་བལྟས་ཀྱང་དེ་ལ་མཛེས་ཉམས་ཀྱིས་ཕྱུག་མིན་དང་སྐབས་བབ་ཀྱི་ཁ་དོག་མི་འདྲ་བ་སྣ་ཚོགས་འཆར་བར་ངེས། བདག་མཐར་ཕྱིན་སློབ་མ་ཞིག་ཡིན་ལ་སྤྲོ་སྐྱིད་ལྡན་པའི་སློབ་ཆུང་དང་སློབ་འབྲིང་གི་འཚོ་བ་དང་འབྲལ་དགོས་སོང་། ནམ་ཡིན་ཡང་ས་རྩེད་རྡོ་རྩེད་དང་ཁྱོད་དགའ་ང་སྐྱིད་ཀྱི་བཀྲ་ཤིས་སྐལ་བཟང་གི་དུས་ཚོད་དེ་རྣམས་འདས་ཟིན་པའི་གཏམ་རྒྱུད་དུ་གྱུར་པས་ད་ནི་ནམ་ཡང་སླར་ལོག་མི་སྲིད། འོན་ཀྱང་ཡིད་སེམས་སྟོང་བའི་ཁམས་ནས་ནམ་ཡང་ཡལ་བ་མེད་པར་རྡོ་བརྐོས་རི་མོ་བཞིན་དུ་གནས་ངེས། སློབ་གྲྭ་རུ་ལོ་ངོ་དགུའི་རིང་ལ་སློབ་སྦྱོང་བྱས་པ་ཡིན་ལ་དུས་ཚོད་དེའི་རིང་ལ་རང་ཉིད་ཀྱི་ཕྱིའི་ལུས་ཀྱི་བྱ་སྤྱོད་དང་ནང་སེམས་ཀྱི་གཤིས་ཀ་སོགས་ཀྱི་འགྱུར་ལྡོག་ནི་ཧ་ལས་དགོས་པ་ཞིག་རེད། ད་ལྟ་བདག་གིས་མཐར་ཕྱིན་སློབ་མའི་མིང་བྱང་ཁུར་ཡོད་པས་ཀུན་གྱིས་མིག་གིས་ལྟ་ས་དང་རྣ་བས་ཉན་སར་གྱུར་ཡོད་པས། མཐར་ཕྱིན་སློབ་མ་ཞིག་གིས་བསྒྲུབ་དགོས་པའི་འོས་འགན་དེ་དམ་འཛིན་བྱེད་དགོས།དཔེར་ན། ཆེ་བཀུར་ཆུང་བྱམས་དང་སྒྲིག་ལམ་བརྩི་སྲུང་བཅས་བྱ་དགོས་པ་ནི་སློབ་མའི་འོས་འགན་ནང་གི་ཁ་ཤས་ཀྱང་ཡིན་པས་དོ་ནན་བྱ་དགོས། ད་དུང་རང་ཉིད་དུས་ཚོད་དང་མཉམ་གཤིབ་ཀྱིས་སློབ་སྦྱོང་གི་གོམ་སྟབས་བསྒྱུར་དགོས། ཐ་ན་དུས་ཚོད་སྐར་ཆ་རེ་རེ་ཡང་མི་ཚེའི་ཁྲོད་ཀྱི་རྩ་བའི་རྩ་ལག་རེ་ཡིན། བདག་ལ་མཚོན་ན་སློབ་འབྲིང་གི་འཚོ་བ་རོལ་ས་ནི་དུངས་ཞེན་གྱིས་བཅིངས་པའི་ཕ་ས་གོར་མོ་འདི་ན་ཡིན་ཞིང་བྱིས་དུས་ཀྱི་རྩེད་ར་ཆུང་ཆུང་ཡང་གནས་འདི་ཡིན་ལ། མཛེས་པའི་ལང་ཚོ་ལ་སྐྱེས་སྟོབས་ཀྱི་དཔལ་འབར་ས་ཡང་ཡིན། ངས་ཁྱོད་ཚོར་བཤད་འདོད་པ་ནི་སློབ་གྲྭའི་འཚོ་བ་ནི་ཁྱོད་ཀྱི་མི་ཚེའི་ཁྲོད་ན་ཤུགས་རྐྱེན་ཆེས་ཆེ་བ་དེ་ཡིན་ཞིང་སློབ་གྲྭའི་འཚོ་བ་ནི་ཤམབྷ་ལའི་ཞིང་ཁམས་དང་གཉིས་སུ་མེད། དེ་ལས་ལྷག་པའི་སྐྱིད་པོའི་གནས་ཤིག་ཁྱོད་ཀྱི་མདུན་དུ་འོངས་མི་སྲིད་པས་གཅེས་སྤྲས་དང་ཕྱི་དྲན་བྱ་རྒྱུ་གལ་འགངས་ཧ་ཅང་ཆེའོ།།
  • ལེ་ཚན་སྔོན་མ།:རྟུལ་ཕོད་ཀྱི་ཆུ་ཕྲན།
  • ལེ་ཚན་རྗེས་མ།:ང་ནི་ཨ་མྱེས་ཆང་གིས་བཟི་ན་དགའ།