དྭངས་ཤིང་བསིལ་བའི་ཆུ་ཕྲན་ནི་རི་རབ་ལྷུན་པོའི་ལུས་ཀྱི་ཟུངས་ཁྲག་དང་འདྲ་བར་རྟག་ཏུ་རྒྱུ་ཞིང་། མངར་ཞིང་ཞིམ་པའི་རོ་བཅུད་ནི་ནད་རིམས་ཡོད་དོ་ཅོག་གཞོམ་པའི་རིན་ཆེན་མང་སྦྱོར་རོ།།རྒྱ་སྟག་སྙིང་རྩ་འདར་བའི་གཡུང་དྲུང་གིས་སྤུད་པའི་བྲག་རིའི་ཁྲོད། ཁྱོད་རང་ཉམས་ཆུང་ཟོལ་གྱིས་བར་མེད་དུ་འབབ་ཅིང་། དཔལ་མཛངས་རྟུལ་ཕོད་ཀྱི་རི་ཚོགས་ཁྲི་འབུམ་གྱི་གསེབ་ནས་བར་མེད་དུ་རྒྱུ། ང་རྒྱལ་དང་སྙེམས་པའི་གོམ་སྒྲ་སྒྲོག་ལ། འགྲན་རྩོད་ཀྱི་རྒྱང་མིག་འཕེན། བརྗིད་པའི་ཉམས་དང་གྱ་གྱུའི་འགྲོས་དང་བཅས་བྲག་རིའི་འདབས་དང་རྫ་རིའི་བར་ནས་སྙན་ལྷང་ལྷང་གི་གླུ་ཆུང་དབྱངས་སུ་གྱེར། རི་ཚོགས་རྐང་འཐུང་གི་ཚང་ཚིང་དུ་ཁྱོད་ཀྱིས་ངར་ཤུགས་ཡོད་དགུ་བཏོན་ཏེ་ལོ་མ་དང་གེལ་བ་སོགས་ཞི་བར་སྦྱངས་ཏེ་དྭངས་གཙང་གི་ཁོར་མོ་ཡུག་འདི་བསྐྲུན། རླབས་ཀྱི་ཟེགས་མ་དགུང་དུ་འཕྱོར་ཞིང་རྔམ་བའི་སྟབས་ཀྱིས་རྒྱུ། དབྱིག་འཛིན་མའི་པང་དུ་རང་དབང་གིས་བཞུར་བའི་འཕྱང་འཕྲུལ་གྱི་མེ་ལོང་།ཆུ་ཕྲན་ལགས། ཁྱེད་ནི་དབུལ་ཕྱུག་ཀུན་ལ་སྙོམས་པའི་དཔའ་བོ་ཁྱོད་ཀྱིས་དར་དཀར་གྱི་ཡོལ་བ་མཐའ་འཁོབ་དབེན་གནས་སུ་ཕྱར་ཏེ། སོ་སྐྱེ་ཀུན་གྱི་སྐོམ་གདུང་གི་མུན་པ་སེལ། འགྲོ་དྲུག་བདེ་སྐྱིད་ཀྱི་ཕང་བ་རུ་འདྲེན། ཁྲ་ཚོམ་གྱི་མེ་ཏོག་དག་གིས་ཀྱང་ཁྱོད་རང་མཐོང་སྟེ་དྲི་བསུང་དང་དགོད་པའི་འཛུམ་གྱིས་བསུ། རོལ་མོའི་སྒྱུ་རྩལ་ལ་ནང་བྱན་ཆུད་པའི་བུང་བས་སྙན་པའི་དབྱངས་ཀྱིས་ཁྱོད་རང་བསུ།ཆུ་ཕྲན་ལགས། ཁྱོད་ཀྱིས་སྐྱེ་འགྲོ་ཀུན་ལ་འབྲུ་སྣ་ཡི་དངོས་གྲུབ་སྩོལ། རིག་རྟུལ་གྱི་མི་རྣམས་ལ་ཤེས་རབ་ཀྱི་སྒྲོན་མེ་བཀར། རི་སུལ་དང་ནགས་ཁྲོད་ནས་ཁྱོད་རང་ཕེབས་ཏེ། དབྱར་གྱི་སྒེག་མོར་བྱི་དོར་དང་གཟབ་སྤྲོས་གནང་། ཆབ་རོམ་གྱི་སྦུབ་དང་ལྷགས་རླུང་གི་ཁྲོད་ནས་སྙན་འཇེབས་ཀྱི་རོལ་མོ་དཀྲོལ་བཞིན་དཀག་སྡོམ་གྱི་རྒྱ་ལས་དགོད་འཛུམ་གྱི་ཐབས་ཀྱིས་གྲོལ་ནས་བར་མེད་དུ་རྒྱུ། སྙེ་མའི་ཁུར་གྱི་ལྗིད་ཅིང་མགོ་བོ་དུད་པའི་སྟོན་ཟླ་རུ་དབྱངས་མགུར་དེ་བས་གསལ་ཞིང་སྙན། ཀྱེ་ཀྱེ་རྟུལ་ཕོད་ཀྱི་ཆུ་ཕྲན་ལགས།