ཡུལ་གྱི་མི།

ཨ་ཁུ།        2020-12-11

རྡོ་ཧྲོག་གིས་ཁེངས་པའི་ལམ་དེ་ཚོ་ཟེར་ནས་ཁོམ་པ་བྱུང་བ་དང་། ཡུལ་སྟོད་སྨད་ཀྱི་ལམ་སེལ་ལ་འགྲོ་ཞིང་།ས་སྟེང་གི་འབུ་སྲིན་དེ་ཚོ་ཟེར་ནས་ཚེས་ཆ་བཟང་དུས་སྤགས་སྦྱིན་གཏོང་བར་བྲེལ་བའི་ངའི་རྨོ་བོའི་གྲས་ཀྱི་མི་རབས་དེ་གླེང་ངམ། ཡང་ན་བརྩོན་པས་གཞོལ་ཚེ་ཅི་ཡང་ཐོབ་སྲིད་པའི་དཔའ་ངར་དང་གདེང་ཚོད་མཚོ་ལྟར་བལྟམས་པའི་ངའི་ཨ་ཕའི་གྲས་ཀྱི་མི་རབས་དེ་གླེང་། མ་གཞི་བྱས་ན་མི་རབས་ཀྱི་ཕྲེང་བ་བརྒྱུས་ཟིན་པ་དང་། རྒྱུད་བཞིན་པ་སུ་ཞིག་གླེང་ཡང་ཐམས་ཅད་ཡུལ་གྱི་མི་རུ་མི་ཚུད་པ་གཅིག་ཀྱང་མེད། འོན་ཏང་དམིགས་སུ་ངའི་ཨ་ཕའི་གྲས་ཀྱི་མི་རབས་འདིའི་སྐོར་གྱི་གནས་ཚུལ་ཞིག་བརྗོད་པར་འདོད། ཉེ་བའི་ལོ་ཤས་རིང་། ཕ་ཡུལ་དང་དེའི་ཉེ་ལོགས་ཀྱི་ཡུལ་ལུང་མང་པོར་ཕྱོགས་ངེས་མེད་ནས་འཁོར་བའི་ཁྱི་འཁྱར་གྱིས་གྲོང་གི་བེའུ་དང་རི་ཡི་ར་ལུག་ལྐོག་བཟའ་བྱས་རྐྱེན། དེ་དག་རྩ་མེད་དུ་གཏོང་ཕྱིར། ལ་ལས་ཤ་ལ་དུག་བརྒྱབ་ནས་ཁྱི་འཁྱར་བསད་རབས་དང་། ལ་ལས་རྒྱ་བཙུགས་ནས་ཞ་བོར་བཏང་རབས་གླེང་ཡོང་ལ། ཐ་ན་ལུང་པ་ལ་ལར་མེ་མདའ་བརྒྱབ་ནས་དམར་གསོད་བཏང་རབས་སོགས་བདེན་མིན་དབྱེ་འབྱེད་དཀའ་བའི་གཏམ་གྱི་ཕྱེ་མ་ལེབ། དབྱར་ཁ་འདིར་གཤོག་པ་བརྐྱངས་ཏེ་བདག་གི་དར་ལུང་རྣ་བའི་བུ་ག་རུ་འཕུར་ཡོང་། བདེན་རྫུན་ཅི་ཡིན་ཡང་ཡིན་དུ་བཅུག ངའི་ཁྲ་ཆུང་མིག་གིས་མཐོང་བ་ནི་ཡུལ་གྱི་མི་ཚོས་ཁྱི་འཁྱར་དེ་དག་རྒྱ་བཙུགས་ནས་བཟུང་ཞིང་སྒོ་རར་བཅུག ཡང་སེམས་ཀྱི་ཟབ་ས་རུ་མར་ཁུ་ལྟར་འཁྱིལ་བའི་བྱམས་སྙིང་རྗེ་འཁྱོམ་པའི་རྦ་རླབས་ཀྱི་མ་བཞག་པར། མ་གཞི་བེའུ་དང་ར་ལུག་བསད་པ་སྡུག་པོ་རེད་དེ།གྲོད་པ་སྟོང་པར་བཞག་ན་སྙིང་རྗེ་ཟེར་ནས། ཉིན་རེ་བཞིན་གྲོང་མི་འགའ་ཤས་རེ་མོས་ཀྱི་ལྟོ་སྟེར་བཞིན་གསོ་སྐྱོང་བྱེད། སྐབས་དེར་ངས་གནའ་སྔ་མོ་སྔ་མོ་ཞིག་ལ་སྤྲ་ནས་མཆེད་མ་ཐག་པའི་བོད་ཀྱི་མེས་པོ་ཚོས་སྤྱང་ཀི་ཁྱི་རུ་བཏུལ་བའི་སྣང་བརྙན་ཞིག་ཀྱང་འཆར་ཡོང་། གང་ལྟར་ངས་ཉིན་ཤས་རིང་། ཉམས་ཞིབ་བྱས་པ་བརྒྱུད་ལྟོ་སྟེར་མཁན་གྱི་གྲོང་མི་དེ་དག་གི་ཁྲོད་དུ་ངའི་རྨོ་བོའི་གྲས་ཀྱི་མི་དེ་ཚོ་རྩ་བ་ནས་ཐོན་མ་སོང་། ད་ནི་ཁོ་ཚོ་ན་སོ་རྒས་ཏེ་སེམས་ཀྱི་བསམ་ཀྱང་ལུས་ཀྱིས་མི་ལྕོགས་པའི་གནས་སུ་གྱར་གཏན་གཏན་རེད་ཨང་། འོན་ཀྱང་ང་དང་ན་མཉམ་གྱི་གཞོན་སྐྱེས་དེ་ཚོ་གང་དུ་སོང་བ་ཡིན། ཁོ་ཚོ་ད་དུང་ཡང་མི་ཐོན་པ་ཅི་ཡིན་ནམ།།

  • ལེ་ཚན་སྔོན་མ།:སྙན་ངག་གི་ལམ་ཕྲན།
  • ལེ་ཚན་རྗེས་མ།:རང་གྲོལ་གྱི་ཉིན་གཅིག