རང་གྲོལ་གྱི་ཉིན་གཅིག

དཀོན་མཆོག་རང་གྲོལ།        2020-12-14

ཉལ་ཁང་གི་གྱང་ངོས་སུ་བཀལ་བའི་དུས་ཚོད་འཁོར་ལོའི་སྟེང་གི་མདའ་མོ་དེ་དུས་ཚོད་ལྔ་བར་ཏག་ཏག་གཏད་པ་ན།དེ་མ་ཐག་ཏུ་ཏིང་ཏིང་ཏིང་ཞེས་དྲིལ་སྒྲ་བར་མེད་དུ་གྲགས་བྱུང་།

དྲིལ་སྒྲ་དེ་ནི་ལེ་ལོ་དང་གཏི་མུག་གི་དགྲ་སྤྱང་ཕར་མཐར་བསྐྲད་ཅིང་། རིག་གཞུང་གི་ཐང་ཆེན་དུ་ཡར་སྐུལ་བྱེད་པའི་ཤེས་རིག་གི་རྫི་བོ་ཞིག་དང་འདྲ་བས། སློབ་གྲོགས་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་རེམ་མར་ལངས་ཏེ་ཅི་མགྱོགས་གང་མགྱོགས་ཀྱིས་སྒོར་བུད་སོང་། ཁོ་ཚོ་ལ་མཚོན་ན། དུས་ཚོད་ཀྱི་དྲིལ་སྒྲ་དེ་ནི་བརྩེ་བའི་དྲན་སྐུལ་ཞིག་ཡིན་ཞིང་སྒྲ་དེ་ཉན་རྒྱུར་ཤིན་ཏུ་དགའ་མོད། འོན་ཀྱང་ང་ནི་སྒྲ་དེ་ལ་ཉན་རྒྱུར་གཏན་ནས་མི་དགའ། ཏིང་ཏིང་ཏིང། ཏིང་ཏིང་ཏིང་།་་་་་་་་་་་་ འདི་ནི་ཅི་འདྲའི་རྣ་བར་གཟན་པའི་སྒྲ་ངན་པ་ཞིག་རེད་ཨང་།ཕྱི་རོལ་ཡུལ་གྱི་སྣང་ཚུལ་ཞིག་ཡིན་ཡང་། ཁམས་དང་མོས་པ་མི་འདྲ་བའི་དབང་གིས་སོ་སོའི་མིག་ལམ་དུ་ཐ་དད་དུ་སྣང་བ་ཡིན་ཏེ། སློབ་བུ་གཞན་དག་གི་རྣ་ལམ་དུ་སྒྲ་དེ་ནི་སྙན་འཇེབས་ཀྱི་དབྱངས་རྟ་ཞིག་ཏུ་བསྒོམས་ཡོད་ནའང་། ང་ལ་མཚོན་ན་སྒྲ་དེ་ནི་སོ་ནང་གི་སྲིན་འབུ་དང་མིག་ནང་ནང་གི་ཚེར་མ་བཞིན་དུས་དང་རྣམ་པ་ཀུན་ཏུ་རྣ་བའི་གཏན་དགྲ་རུ་གྱུར་བས། སློབ་གྲོགས་ཁོ་ཚོ་དང་འདྲ་བར་སྒྲ་འཛིན་རྣ་བའི་བཅུད་དུ་སྒོམ་ཐབས་རང་མི་འདུག

དྲོད་འཇམ་གྱི་མལ་ཐུལ་འོག་ཏུ་གཉིད་སྐྱིད་པོ་ཞིག་ལོག་བསམ་ན་ཡང་། དུས་ཚོད་ཀྱི་དྲིལ་སྒྲ་དེ་ནི་དབྱུག་པ་ཞིག་དང་འདྲ་བར་ངའི་གཉིད་ཀྱི་སྲན་ཕུང་ཐར་རེ་གཏོར་བ་དང་། ཡང་རྟ་ལྕག་ཅིག་དང་འདྲ་བར་ངའི་སྒྱིད་ལུག་གི་སྙིང་ཤའི་སྟེང་དུ་འཇིགས་སྐུལ་གནང་བྱུང། ད་ནི་གཉིད་པའི་ཐབས་དང་བྲལ་བས། མལ་ཁྲི་ལས་ཁོག་སྟེ་ཡར་དགྱེ་སྟེ་མིག་ཕུར་ཕུར་འགའ་བྱས་རྗེས་དལ་བ་དལ་བུར་ཡར་ལངས་པ་ཡིན། ཉལ་ཁང་དུ་ང་མ་གཏོགས་སློབ་གྲོགས་གཅིག་ཀྱང་མི་འདུག ཁོ་ཚོ་ཚང་མ་སྔ་མོ་ནས་ལངས་ཚར་ལ། མལ་ཁྲིའི་སྟེང་དུ་ཉལ་ཆས་དག་སུམ་ལྟེབ་བྱས་ཏེ་གཅིག་ཐོག་གཅིག་བརྩེགས་བྱས་ནས་བཞག་ཡོད་ཅིང་། སྙིགས་གཞོང་དང་ཕྱགས་མ་རྣམས་ནི་སྒོ་འགྲམ་གྱི་ཟུར་གཅིག་ཏུ་བསྒྲིགས་འདུག་པ་དང་། ཇ་ཕོར་དང་ཚ་དམ། སྣོད་ཆ་དང་འཁྲིད་ཆས་བཅས་ནི་ཅོག་ཙེའི་སྟེང་དུ་གྲལ་དག་པོར་བཞག་འདུག སྒེའུ་ཁུང་གཉིས་པོ་ནི་ཡོངས་སུ་ཕྱེས་འདུག་ལ་དེ་ལས་ལྡང་བའི་དྲི་བཞོན་གྱི་རླུང་བུས་བདག་གི་མགུལ་ལ་ཡང་ཡང་འཁྱུད་ཡོང་། དཀར་གསལ་གྱི་གློག་འོད་འོག་ཏུ་ཤིང་གི་ཅོག་ཙེ་དང་དཀར་ཡོལ་གྱི་མདོ་ཤག་དག་ལས་འོད་འཁྱུག་འཁྱུག་བྱེད་བཞིན་པ་ལ་བལྟས་ན། ཁོ་ཚོས་ད་སོ་མ་གཙང་སྦྲ་བྱས་པ་ཤེས་ཐུབ། ཉལ་ཁང་ནི་དྲོད་འཇམ་གྱི་མལ་ཁྲི་ཆེན་པོ་ཞིག་དང་འདྲ་ལ། ཉེ་འཁོར་གྱི་དངོས་པོ་དག་ནི་གནས་དེར་གཉིད་དུ་ཡུར་འདུག

སྒོར་བུད་པ་ན། སློབ་གྲོགས་རྣམས་ཀྱིས་རྩལ་སྦྱོང་ར་བའི་ནང་གི་གློག་སྒྲོན་གྱི་འོག་ནས་དཔེ་ཆ་ཀློག་གིན་འདུག་ལ། སློབ་གྲྭའི་ཁོར་ཡུག་ཀུན་ཏུ་དཔེ་ཀློག་གི་སྒྲ་དབྱངས་ཀྱིས་ཁེངས་འདུག རྩལ་སྦྱོང་བྱས་རྗེས། ང་རང་ཐད་ཀར་སློབ་ཁང་དུ་སོང་སྟེ་ལས་བྱ་བྲིས་པ་ཡིན། སྤྱིར་ང་ནི་བློ་འཛིན་རྒྱུར་མི་དགའ་ཞིང་ལས་བྱ་འབྲི་བར་ལྷག་ཏུ་མི་དགའ་མོད། འོན་ཀྱང་དགེ་རྒན་གྱི་དབྱུག་པ་ནི་གནས་ལུགས་འདྲ་མིན་ཞུ་ས་མི་འགྲོ་བའི་མི་རྒོད་ཅིག་ཡིན་ལ། ཡར་ལུང་ཁོག་ཏུ་སོང་ན། ཡར་ལྷ་ཤམ་པོར་བསྟུན་དགོས་པའི་དཔེ་བཞིན་དེར་བརྩི་བཀུར་མི་བྱེད་ཀ་མེད་དུ་སོང་བས་ལས་བྱའང་མི་འབྲི་ཐབས་མེད་རེད།

སློབ་ཁྲིད་ཀྱི་ཅོང་བརྡ་སིང་ལི་ལི་གྲགས་པ་དང་ཞོགས་སྦྱོང་མགོ་ཚུགས། སྐབས་དེར་ཏག་ཏག་ལ་བདག་གིས་ལས་བྱ་ཡང་བྲིས་ཚར་བས《དཀའ་སྤྱད་ཀྱི་སྙིང་རུས》ཞེས་པའི་སློབ་ཚན་དེ་བཀླགས་པ་ཡིན།དེ་ནི་བོད་ཁམས་ཡོངས་སུ་སྙན་པའི་གྲགས་པ་འབར་ཞིང་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ལས་བཏུས་པའི་བྱེ་བྲག་གི་ཚན་པ་ཞིག་ཡིན་ལ། ཚན་པ་དེར་ཁོང་གིས་སྒྲ་བསྒྱུར་མར་པ་ལོ་ཙཱ་བའི་དྲུང་ནས་དཀའ་སྤྱད་སྙིང་རུས་ཆེན་པོས་ཆོས་ཞུས་པའི་བརྒྱུད་རིམ་དེ་བྲིས་འདུག རྣམ་ཐར་དེར་འདི་ལྟར་བྲིས་འདུག་སྟེ། ངས་བརྒྱད་སྟོང་པ་ལས་པཎ་ཆེན་ནཱ་རོ་པས་དཀའ་བ་སྤྱད་ཚུལ་མཐོང་བས་མཆི་མ་འཁོར་བའི་དད་པ་དྲག་པོ་སྐྱེས་ཏེ་བླ་མས་ཅི་གསུང་སྒྲུབ་དགོས་སྙམ་ནས་ཡིད་ལ་དམ་བཅས་ཞེས་དང་། བླ་མས་བདག་གི་སྡིག་པ་སྦྱངས་བའི་ཆེད་དུ་ཤར་གྱི་རི་སྣར་མཁར་ཟླུམ་པོ་ཞིག་གམ་ནུབ་ཀྱི་རི་སྣར་མཁར་ཟླ་གམ་ཞིག བྱང་གི་ཕྱོགས་ན་གྲུ་གསུམ་ཅན་ཞིག་རྩིག་པ་ལ་དེ་དག་སུམ་ཆ་གཅིག་ཙམ་ལོན་ཚེ་ཐམས་ཅད་བཤིག་སྟེ་ས་ས་མལ་དང་རྡོ་རྡོ་མལ་དུ་སྐྱོལ་ཅིག་གསུངས་པ་ལ་སེམས་སྡུག་པ་ཚད་མེད་པ་ཞིག་བྱུང་ཡང་ཆོས་འདོད་པས་བླ་མའི་བཀའ་བཞིན་སྒྲུབ་པ་ཡིན་ལ། རྒྱུན་དུ་བླ་མས་བཀའ་བཀྱོན་ཅི་ཙམ་གནང་ཡང་རང་གི་སྡིག་ཆེ་བའི་ལན་ཡིན་སྙམ་པ་ལས་བླ་མ་ལ་ལོག་ལྟ་མ་སྐྱེས་ཞེས་སོགས་གསོན་ཉམས་དོད་པོས་བྲིས་འདུག

སྤྱིར་ང་ནི་གཤིབ་བསྡུར་བྱས་པར་དགའ་བའི་མི་ཞིག་མིན་ཡང་། རྗེ་བཙུན་མི་ལ་རས་པས་ཆོས་ཞུ་བའི་བརྒྱུད་རིམ་ཁྲོད་ཀྱི་དཀའ་སྤྱད་ཀྱི་སྙིང་རུས་དེ་མཐོང་དུས་ཡིད་སྨོན་གཏིང་ནས་སྐྱེས་བྱུང་ལ། དེ་དང་བསྟུན་ནས་རང་ཉིད་ཀྱང་དབང་མེད་དུ་དྲན་བྱུང་། གལ་ཏེ། རྗེ་བཙུན་ཁོང་ཐིག་ཤིང་ཞིག་ཡིན་ཚེ། ང་དང་ངའི་འཚོ་བ་ལ་ཡོ་སྐྱོན་ཤོར་འདུག ཁོང་གི་ཆུང་དུས་ཀྱི་བརྩོན་འགྲུས་དང་སྙིང་སྟོབས་དེས་ངའི་དར་མའི་འཚོ་བའི་ཁྲོད་ཀྱི་ལེ་ལོ་དག་གསལ་རྗེན་དུ་བཏང་སོང་། བདག་ཅག་གི་སྟོན་པ་ལ་དྲི་མ་མེད་པའི་གསུང་ཚིག་འབུམ་ཕྲག་ཅིག་ཡོད་པ་ལས་འཁོར་བའི་གནས་ལ་སྙིང་བོ་མེད་ཅེས་པའི་ཚིག་དེ་ལས་བདེན་པ་ཞིག་མི་འདུག་སྟེ། མཐོ་གསུམ་ལ་འཕར་བ་ནས་བཟུང་།ངས་ལས་བྱ་མ་བྲིས་ཤིང་དཔེ་ཆ་བློར་མི་འཛིན་པ་དང་། སློབ་ཁྲིད་ལའང་ཡག་པོ་ཞིག་ཉན་མ་ཐུབ་པས། ང་ནི་རིམ་གྱིས་བྱ་བ་གང་ཞིག་ལ་འཕྲད་ཀྱང་དོ་དམ་དང་ནན་ཏན་མེད་མཁན་ཞིག་ཏུ་འགྱུར་ཞིང་ནམ་ཡང་ཉོབ་མདངས་སྟུག་པོ་ཞིག་གིས་གཡོགས་འདུག

མ་གཞི་ཡིན་ན། མཐོ་གསུམ་ནི་བྲེལ་འཚུབ་ཆེ་བའི་ལོ་ཟླ་ཞིག་ཡིན་ཏེ། རང་ཉིད་ཀྱི་མི་ཚེ་ལ་ཁ་ལོ་བསྒྱུར་བའི་དཀྱོགས་མཚམས་གལ་ཆེན་ཞིག་ཡིན་པས་ན། བརྩོན་པ་ཆེན་པོས་མདུན་ནས་མདུན་དུ་བསྐྱོད་དེ་དུས་ཚོད་དང་བང་རྩལ་འགྲན་དགོས་པ་ལས་སྟོང་ལྷོད་བྱེད་པའི་གོ་སྟབས་ཡེ་ནས་མི་འདུག འོན་ཀྱང་ང་ནི་དེ་ལྟར་མིན་པར། མཐོ་རྒྱུགས་ཞེས་པའི་ཡིག་འབྲུ་གཉིས་པོ་རྣ་བས་ཐོས་ཐེངས་རེར་སྡང་སེམས་ཤིག་དབང་མེད་དུ་སྐྱེས་འོང་ལ། དེ་ལྟར་སློབ་གྲོགས་རྣམས་ཀྱི་བྲེལ་ཤ་ལངས་པའི་གོམ་འགྲོས་དང་འཚུབ་ཆ་ལངས་པའི་རྣམ་འགྱུར་དག་མཐོང་བ་ན། སྒྲུང་གཏམ་པ་གྲགསཅན་ལྷ་བྱམས་རྒྱལ་ལགས་ཀྱི་འཇིག་རྟེན་འདིར་ཆེས་བདེ་སྐྱིད་ལྡན་པ་ནི་ཅི་ཞིག་ལ་བྲེལ་ས་ཡོད་པ་དེ་ཡིན་ཞེས་ཚད་མར་བསྒྲགས་པའམ་ཚད་མའི་ཚུལ་དུ་སྣང་བའི་གསུང་ཚིག་དེ་ཝ་ལེར་ཤར་ཡོང་།དགོང་སྦྱོང་གྲོལ་རྗེས། སློབ་གྲོགས་ཚོ་ཉལ་ཁང་དུ་སོང་བ་དང་། ང་རང་གཅིག་པུ་སློབ་ཁང་དུ་བསྡད་དེ། མུ་མཐུད་དུ་དཀའ་སྤྱད་ཀྱི་སྙིང་རུས་ཞེས་པའི་སློབ་ཚན་དེ་བསྐྱར་དུ་བཀླགས་པ་ཡིན། རིན་ཐང་ཅན་གྱི་ཕུགས་བསམ་དང་དམིགས་འབེན་ཞིག་གི་ཆེད་དུ་ཚེ་གཅིག་གི་རིང་ལ་བརྩོན་ལེན་བྱེད་པའི་སྙིང་སྟོབས་ཅན་གྱི་རང་རེའི་མེས་པོ་དག་ནི་ཅི་འདྲའི་རླབས་ཆེན་ཞིག་རེད་ཨང་། ང་རང་ལ་རྗེ་བཙུན་ཁོང་གི་སྙིང་སྟོབས་ཀྱི་ཆ་ཤས་ཕྲ་མོ་ཙམ་ཡང་མི་འདུག་ལ། རྗེ་བཙུན་མི་ལ་རས་པས་རང་གི་དམིགས་འབེན་གྱི་ཆེད་དུ་དཀའ་སྤྱད་ཀྱི་སྙིང་རུས་དེ་འདྲ་ཞིག་སྤྱད་པ་མཐོང་དུས། ངས་རང་ཉིད་ཀྱི་ལུས་ནས་དམིགས་འབེན་དང་རིན་ཐང་ཟེར་བའི་ཐ་སྙད་དེ་བོར་སྟོར་བྱུང་ནས་ཡུན་རིང་འགོར་སོང་བ་གཞི་ནས་རྟོགས་བྱུང་།

མཚན་མོ་དུས་ཚོད་བཅུ་བར་ངས་དཀའ་སྤྱད་ཀྱི་སྙིང་རུས་ཞེས་པའི་སློབ་ཚན་དེ་བཀླགས་མཚམས་བཞག་པ་དང་། སློབ་ཁང་གི་གློག་གཟིམས་ཤིང་སྒོ་བརྒྱབ་ནས་ཐོག་ཁང་གི་ཕྱི་རུ་ཐོན། མཁའ་དབྱིངས་སུ་རྒྱུ་སྐར་མང་པོ་ཞིག་གིས་འཛུམ་དམུལ་དམུལ་བྱེད་བཞིན་འདུག མུན་པ་དང་གློག་འོད་འདྲེས་མཚམས་སུ་ཉེ་འགྲམ་གྱི་ཁོ་ར་ཁོར་ཡུག་ཐམས་ཅད་རབ་རིབ་ཏུ་སྣང་ལ། ཉེ་འཁོར་གྱི་དངོས་པོ་དག་ནི་ལྷིང་འཇགས་ཀྱི་ཁོར་ཡུག་ནང་དུ་གནས་ཤིང་། སྐབས་རེར་སྡོང་ལོ་ས་ལ་ལྷུང་བའི་ཤག་སྒྲ་མ་གཏོགས་ཅི་ཡང་ཐོས་རྒྱུ་མི་འདུག བདག་གིས་སྟོད་ལྭའི་གོང་བ་ཡར་བསླངས་ཏེ་ལམ་དུ་སྐྱོད་དུས། ཁོར་ཡུག་དེས་ང་ལ་སྔར་མེད་པའི་ཉམས་དགའ་བའི་ཚོར་བ་ཞིང་སྦྱིན་བྱུང་ལ། ལུས་སེམས་གཉིས་ཀྱང་སྔར་ལྟར་ཉོབ་མེད་པར་ཇེ་དྭངས་སུ་སོང་བར་མ་ཟད། སེམས་ཀྱི་གཏིང་དང་རུས་རྐང་གི་གསེབ་ནས་སྙིང་སྟོབས་དང་སྤོབས་པ་ཞིག་ཀྱང་སྐྱེས་ཡོང་ཞིང་། གོམ་པའི་འདེགས་མགྱོགས་ཀྱང་ཟོར་ཇེ་ཡང་དུ་གྱུར། དེ་ནི་རྗེ་བཙུན་མི་ལ་རས་པ་མཆོག་གི་དཀའ་སྤྱད་ཀྱི་སྙིང་རུས་དེས་ང་ལ་ཤུགས་རྐྱེན་ཐེབས་པ་ཡིན་ནམ། ངས་དེ་ལྟར་བསམ་བཞིན་ཉལ་ཁང་གི་ཐོག་ཁང་སྒོ་རུ་སླེབས་དུས། ཉལ་ཁང་དོ་དམ་པས་ཏག་ཏག་ཉལ་ཁང་གི་སྒོ་ཆེན་རྒྱག་བཞིན་འདུག་ལ། ངས་མགྱོགས་མྱུར་གྱིས་ཁོ་ལ་སྐད་གཏོང་བཞིན་སྒོ་ནས་ཡར་འཛུལ་པ་ཡིན། ཉལ་ཁང་དུ་སླེབས་དུས། སློབ་གྲོགས་བློ་གྲོས་ཀྱིས་ས་ཕྱགས་ཞོར་དུ། དེ་རིང་ཁྱོད་ཀྱི་གདོང་ལ་འཛུམ་ཞིག་འཁྱིལ་འདུག་པས་དོན་ཅི་ཞིག་བྱུང་སོང་ངམ་ཟེར་བཞིན་ཧ་ཅང་ཡ་མཚན་པའི་མིག་མདངས་ཤིག་གིས་ང་ལ་བལྟས་བྱུང་། ཅང་མ་རེད། ངས་རང་གི་སློབ་ལྭ་འཕུད་བཞིན་དེ་ལྟར་ལབ་པ་དང་། མལ་ཁྲིའི་ཐོག་ཏུ་ཁ་སྦུབ་ཏུ་ཉལ་ནས་ཡང་བསྐྱར་རྗེ་བཙུན་མི་ལ་རས་པ་མཆོག་གི་དཀའ་སྤྱད་ཀྱི་སྙིང་རུས་དེ་ལ་མནོ་བསམ་བགྱིས་པ་ཡིན། 

  • ལེ་ཚན་སྔོན་མ།:ཡུལ་གྱི་མི།
  • ལེ་ཚན་རྗེས་མ།:དྲིན་ཆེན་ཞིག་ང་དང་གཏན་དུ་གྱེས་སོང་།