རྡོ་རྗེ་ནི་ཁྱི་རྒན་ཞིག་རེད།

ཁྲི་ཟླ་གཞོན།        2020-11-11

ཐོ་རེངས་ཀྱི་དུས་སུ། ཆེས་ཐོག་མར་ཐོ་རེངས་སྐར་ཆེན་འཆར་ཞིང་རིམ་གྱིས་གནམ་མཐའ་ཇེ་གསལ་དུ་གྱུར་ཏེ་ཉི་འོད་འཕྲོ་བར་བྱེད། སྐབས་ལན་རེར་ཉི་འོད་སྤྲིན་རུམ་དུ་འཕྲོས་པས་དུམ་བུར་ཆད་པའི་སྤྲིན་པ་དག་ནི་གསེར་ཞུན་གྱི་ཁུ་བས་སྦངས་པ་ནང་བཞིན་མཛེས་ཤིང་ལྟ་ན་སྡུག་ལ་མི་རྣམས་ཀྱིས་དེར་མཚམས་སྤྲིན་དུ་འབོད། ཏག་ཏག་དེ་ལྟར་ཞོགས་པའི་མཚམས་སྤྲིན་ནི་གཞན་དང་མི་མཚུངས་པས་ང་རང་ཆེས་དགའ་བ་ནི་སྔ་མོར་ལངས་ནས་དེའི་མཛེས་པར་རོལ་རྒྱུ་ཁོ་ནའོ།།

ང་ལ་གྲོགས་པོ་ཞིག་ཡོད། ཁོའི་མིང་ལ་དགྲ་འདུལ་ཟེར། ཁོ་ནི་ཧ་ལམ་ལོ་ན་བདུན་ཅུ་ཡས་མས་ལ་སོན་པའི་འབྲོག་པ་ཞིག་ཡིན། ཆེས་ཐོག་མར་ཁོས་ང་རང་ཨ་མའི་གམ་ནས་འཁྱེར་ཡོང་དུས་ཁོ་ནི་ཧ་ལམ་ལོ་ན་ལྔ་བཅུ་ལ་སོན་འདུག ངེད་གཉིས་ནི་ཆེས་བཟང་བའི་གྲོགས་པོ་ཡིན། ཁོས་ད་དུང་ངའི་མིང་ལ་རྡོ་རྗེ་ཞེས་པའི་མྱིའི་མིང་ཞིག་ཀྱང་བཏགས་ཡོད། ཁོ་འདི་ལྟར་ང་ལ་འདང་ཆེ་དོན་ནི་ངས་རང་སྲོག་འབེན་དུ་བཞག་ནས་ཁོའི་ལུག་ཁྱུར་སྲུང་སྐྱོབ་དང་འཚོ་སྐྱོང་བྱས་པས་ཡིན་ངེས།

དགྲ་འདུལ་གྱི་རྐང་བ་ནི་དེ་འདྲའི་བདེ་མོ་ཞིག་མིན། ཁོ་ནམ་རྒྱུན་འཐེང་གིན་འཐེང་གིན་འགྲོ་བས་མི་རྣམས་ཀྱིས་ཁོའི་མིང་ལ་དགྲ་འདུལ་གྱོལ་བོ་ཟེར། ཁོ་ཚོས་ངའི་གྲོགས་པོ་འདིའི་རྐང་བའི་གཏམ་རྒྱུད་གཏན་ནས་མི་ཤེས་པས། འདི་ལྟ་བུའི་མཚང་མིང་ཞིག་བཏགས་པ་རེད། ནམ་རྒྱུན་རུ་བ་སྤོས་ནས་དབྱར་སར་སླེབས་པའི་ཟླ་བ་དེ་དག་གི་རིང་ལ་ས་བརླན་གྱི་དབང་གིས་ཁོའི་རྐང་བའི་ན་ཟུག་ལྷག་ཏུ་ཇེ་ཆེ་དང་འཐེང་བའི་ཚད་ཀྱང་ཉིན་རེར་ཇེ་མང་དུ་གྱུར། ཁོས་ནམ་རྒྱུན་མ་ཁར་སོ་བཏབ་ནས“ངའི་རོ་རྐང་འདི་ད”“ལན་ཆགས་འདི་མིན་རྒྱུ་ན”ཞེས་སྡུག་སྨྲེ་འདོན། གང་ལྟར་ལུག་ཁྱུ་རི་ལ་འདེད་དུས་ཁོས་རི་གླུ་ཐར་ཐོར་རེ་ལེན་ཞིང་ལུག་ཁྱུ་སྤང་དུ་འཐོར་དུས་སྨྲེ་ངག་རྡག་རྡོག་རེ་འདོན་པ་ནི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་འདུག

སྤྱིར་བཏང་ཁོའི་རྐང་བའི་གཏམ་རྒྱུད་ངས་གཏན་ནས་མི་ཤེས་མོད། ཐེངས་ཤིག་ཁོ་དང་འབྲོག་པ་གཞན་ཞིག་གིས་ཁ་བརྡ་བྱེད་དུས། ངས་ད་གཟོད་དོན་དག་འདིའི་གསལ་ཁ་ཆོད་སོང་། ལོ་ངོ་མང་པོ་ཞིག་གི་ཡར་སྔོན་ལ་ཁོ་ཚོའི་འབྲོག་སྡེ་དང་འབྲོག་སྡེ་གཞན་ཞིག་གི་བར་ས་རྩོད་ཀྱི་འགལ་བ་བྱུང་སྟེ། ཁོའི་རྐང་བར་མེ་མདའ་ཕོག་པས་ད་གཟོད་འདི་ལྟར་གྱུར་བ་རེད། ངའི་མིག་ལམ་དུ་མིའི་རིགས་ནི་མ་གཞི་ནས་ཆེས་གཡོ་སྒྱུ་ཆེ་ཞིང་སྐྱུག་བྲོ་བའི་སྲོག་ཆགས་འབའ་ཞིག་རེད། དེ་ནི་དཔེར་ན་ཁོ་ཚོས་རང་བྱུང་ཁམས་ནི་འགྲོ་བ་སྤྱིའི་ཁྱིམ་གཞིས་ཤིག་ཏུ་གཏན་ནས་མི་བསམ་པར། སྒེར་སེམས་དང་ཧམ་སེམས་ཁོ་ནས་ཡོད་ཚད་དབང་དུ་སྡུད་པར་བྱེད། ལོ་ངོ་འདི་དག་ལ་རྩྭ་ས་ཉམས་ཞན་དུ་གྱུར་ཏེ་སྒོ་ཕྱུགས་ལ་གཟན་རྩྭས་མི་འདང་བའི་གནད་དོན་ཚབས་ཇེ་ཆེར་གྱུར། ཡིན་ནའང་ཁོ་ཚོས་དེ་ནི་ཕྱུགས་ཟོག་དང་རི་དྭགས་ཀྱི་གྲངས་ཀ་འཕར་བ་དང་ཚད་ལས་བརྒལ་བར་སྒྲོ་བཏགས་ནས་རང་སྟེང་གི་སྐྱོན་ཆ་སྦ་ཅི་ཐུབ་བྱེད། ངས་བལྟས་ན་རྩྭ་ས་དང་སྐྱེ་ཁམས་དོ་མཉམ་ལ་ཞིབ་འཇུག་བྱེད་མཁན་གྱི་རྫུན་རྐྱལ་དེ་དག་གིས་ཀྱང་འབྲོག་དམངས་ལ་མགོ་སྐོར་གཏོང་བཞིན་འདུག ཅིའི་ཕྱིར་ཟེར་ན། རྩྭ་སས་མི་འདང་བ་ནི་སྒོ་ཕྱུགས་དང་སྲོག་ཆགས་ཀྱི་གྲངས་ཀ་འཕར་བས་མ་ཡིན་པར་མིའི་རིགས་ཁོ་ཚོ་སྨྱོས་པས་རེད། ཁོ་ཚོས་ཡང་དང་བསྐྱར་དུ་རྩྭ་ས་བགོས་ཏེ་བདག་ཏུ་བཟུང་ཞིང་མི་གྲངས་འཕར་བས་ས་རྒྱ་ཇེ་ཆུང་དུ་གྱུར་ནས། མཐར་གནའ་ལྟར་རུ་སྤོ་སྐྱས་འགེལ་བྱས་ཏེ་རྩྭ་སར་ངལ་གསོ་བྱེད་དུ་འཇུག་པའི་དུས་ཡུན་རིང་བོ་མེད་པས། སྒོ་ཕྱུགས་ཀྱིས་ས་ཆུང་ཆུང་ལག་མཐིལ་ཙམ་ཞིག་གི་རྩྭ་ཟོས་ཤིང་ཚར་སོང་ན་ལྟོགས་དྲགས་པས་རྩི་ཤིང་གི་རྩད་པའང་བྲད་ནས་ཟོས་ཤིང་ད་གཟོད་རྩྭ་ས་ཉམས་ཞན་དུ་གྱུར་བ་རེད། ཡིན་ནའང་ཁོ་ཚོས་ཕྱུགས་དང་རི་དྭགས་ཀྱི་གྲངས་ཀ་འཕར་བའི་རྒྱུ་རྐྱེན་དེར་ཁ་གཡར་ནས་ཕྱུགས་གྲངས་ཇེ་ཉུང་དུ་གཏོང་དགོས་ཞེས་ཁོ་ཚོའི་དཔལ་འབྱོར་གྱི་དགོས་མཁོ་སྐོང་བ་དང་འབྲོག་དམངས་ཚོ་སྒོ་ནག་ཏུ་གཏོང་བཞིན་འདུག ངས་བལྟས་ན་དོན་དངོས་སུ་གནད་དོན་དེ་ནི་ཐག་གཅོད་ཧ་ཅང་སླ་བོ་ཞིག་སྟེ། ལྕགས་ར་བསྡུས་ཤིང་རྩྭ་ས་བཏང་ནས་བགས་ཡངས་ཀྱི་གནའ་དེང་མའི་ཕྱུགས་འཚོ་སྟངས་དང་རུ་སྤོར་སྟངས་སླར་གསོ་བྱས་པས་འཐུས་སྙམ།

འབྲོག་པའི་ས་རྩོད་ནི་ཁོ་ཚོ་རང་ཉིད་ཀྱིས་བཤད་པ་ནང་བཞིན“རྒྱ་དབང་ཆས་སྨྱོ་ཞིང་ཁ་ཆེ་བ་སྒོར་མོས་སྨྱོ། བོད་ས་རྩོད་ཀྱིས་སྨྱོ”ཞེས་པ་ལྟར་རེད། ངའི་གྲོགས་པོ་དགྲ་འདུལ་ཀྱང་གོ་རིམ་མེད་པའི་གླེན་རྟགས་དེའི་རྒྱ་རུ་ཚུད་པས། འདི་ལྟར་རང་གི་རྐང་བ་ཡ་གཅིག་ཤོར་བ་རེད། ཁོའི་རྐང་བ་ཡ་གཅིག་སྡེ་དོན་དུ་ཤོར་བ་ནི་དོན་དངོས་ཡིན་ཡང་ད་ལྟ་སྡེ་མི་ཚོས་ཁོ་ལ་འཕྱ་སྨོད་དང་འཚང་མྱིང་ཁོ་ན་ལས་དཔའ་བོའི་མཚན་བྱང་དང་གཞན་གྱི་བསྟོད་ར་ནི་ཅི་ཡང་མི་བྱེད་པར་རང་སྡུག་རང་གིས་ཉོས་པ་ཤ་སྟག་ཅིག་ཏུ་སྒྲུབ་བཞིན་འདུག

དབྱར་གཞུང་གི་ཁ་ཆར་འདྲེས་མའི་སྨག་མུན་ཁྲོད་དུ། ངས་རྣམ་རིག་བསྒྲིམས་ནས་རྐུན་མ་དང་འཕར་སྤྱང་གི་འཇབ་རྒོལ་ལ་དོགས་ཟོན་དང་རྒོལ་ལན་སྤྲད་པ་ཡིན། ཆར་སྨག་སྟུག་པའི་མཚན་ལྗོངས་རེ་རེར་ང་ནི་དགྲ་འདུལ་གྱི་ཚབ་བྱས་ཏེ་མཚན་མོའི་མེལ་ཚེ་བྱས ། ངའི་མིང་ལ་རྡོ་རྗེ་ཟེར། ང་ནི་ཁྱི་རྒན་ཞིག་ཡིན། གཡོ་སྒྱུ་དང་ངན་སེམས་ཀྱིས་མ་བསླད་པའི་འབྲོག་ཁྱི་རྣལ་མ་ཞིག་ཡིན། ངས་མིའི་རིགས་ནང་བཞིན་གནས་ལུགས་དང་གཡོ་སྒྱུ་མང་པོ་ལས་མི་ཤེས། ངས་ཤེས་པ་ནི་བློ་དཀར་ཡིན། བློ་དཀར་གྱིས་ད་གཟོད་ང་དང་བདག་པོའི་བར་ལ་མཛའ་གཅུགས་ཀྱི་གསེར་ཐག་འཐེན། གལ་ཏེ་བདག་པོར་ཟ་འཐུང་ཡོད་ན་ང་ལའང་ཟ་འཐུང་ཡོད་ཅིང་བདག་པོའི་ཡོད་ཚད་ནི་ངའི་ཡོད་ཚད་ཀྱང་ཡིན།

ཁོ་ད་ལྟ་ལོ་ལོན་སོང་། ཁོའི་བཟའ་ཟླའང་སྔ་མོ་ནས་འདས་ཟིན། མཚམས་ལན་རེར་ཁོས་ཧོན་རྟགས་དང་བཅས་ཁོའི་བུ་ཕྲུག་མགོ་སྟོང་དེ་ལ་སྡིགས་མོ་བྱེད། “གློའུ་རྒན་དེ། ངའི་ཁྱི་རྒན་འདིར་ཡང་མི་དོ། འགྲོགས་ཡ་ངན་པར་འགྲོགས་ནས་རང་གི་ཨ་ཕ་ཡང་མི་དགོས། གལ་ཏེ་ངའི་ལག་ལ་ཆུད་སོང་ན་ང་དེ་ལ་བཀོད་པ་ཞིག་ཡོད།”ཅེས་ཟེར། ཁོ་ལོ་ལོན་སོང་། དེང་མ་ནང་ལྟར་བུ་ཕྲུག་ཚོར་མི་དགོས་ཤིང་ཁོ་དང་ཁ་མཉམ་ན་མཉམ་གྱི་རྒན་པ་ཚོར་ཡང་མི་དགོས། ཐ་ན་ལོ་ན་གཞོན་དུས་རང་གི་ལུག་ཁྱུའི་ཕྱེད་ཀ་བཅད་ནས་བགོ་སྐལ་དུ་བྱིན་པའི་ཁོའི་སྤུན་ངོ་མ་དེས་ཀྱང་ཁ་ཡ་མི་བྱེད། ཁོ་ཧ་ཅང་ཐབས་ཆག་གི་ཁང་མིག་ཅིག་ཏུ་ཡོད། ངས་ཁང་མིག་གི་སྒོ་འགྲམ་སྲུང་ནས་སྔ་མ་ནང་ལྟར་ཁོ་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། ཁོ་ལ་ཡོད་པ་ནི་མ་ཎིའི་འཁོར་ལོ་ཟད་པོ་དེ་དང་ལག་རྟེན། ཁང་བའི་ཡ་ཕུགས་སུ་བཞག་པའི་མར་ཆུར་རྩམ་གསུམ་གྱི་ཁུག་མ་ཕྱེད་ཀ་དེ་ཡིན། ཡིན་ནའང་། ངས་སྔར་བཞིན་ཁོ་ལ་སྲུང་སྐྱོབ་བྱ་དགོས། ཁོ་ནི་ངའི་ཆེས་བཟང་བའི་གྲོགས་པོ་དེ་ཡིན།

ང་ནི་ཁྱི་རྒན་ཞིག་ཡིན། མིའི་རིགས་ལས་ལྷག་པའི་ཁྱི་རྒན་ཞིག་ཡིན། ངའི་མིང་ལ་རྡོ་རྗེ་ཟེར།།

  • ལེ་ཚན་སྔོན་མ།:ང་དང་ང་འདྲ་བའི་མི་བུ་ཚོ།
  • ལེ་ཚན་རྗེས་མ།:ང་དང་ངའི་ཉིས་སྟོང་བཅུ་དགུ།