ཙ་སུར་སྦྱིན་པ། 2020-11-11
༡
དཔལ་འབྱོར་འགྲན་སློང་དང་ཁེ་ལས་རྒྱལ་ཕམ་གྱིས་བཙིར་བའི་རྡོག་སྣེ་ནས། རང་ལ་འཚམ་ཞིང་རང་ལ་འོས་པའི་ལས་ཀ་ཡང་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་ལས་བྱ་ཞིག་ཡིན་པ་སྨོས་མེད་ཡིན་སྟབས། ཉམ་ཆུང་རུང་མི་གྲངས་ཉུང་ཡང་ཕ་སྐད་མ་ཡིག་གི་མཛད་རྗེས་དང་བཀའ་དྲིན་གྱིས། བློས་མི་ཤོང་བའི་རིན་ཐང་དང་ངོམ་ཆོག་ཆོག་གི་མདུན་ལྗོངས་རླབས་ཆེན་ཞིག་གནང་ཡོད་པ་འདི། ང་ཚོའི་ཕྲག་ཏུ་བབས་ཤིང་ལག་ཏུ་ལེན་དགོས་པའང་གཡོལ་དུ་མེད་པའི་འགན་འཁྲི་ཉག་ཅིག་ཡིན་པ་ཀུན་གྱིས་ཅིས་མི་མཁྱེན།
༢
ཟེད་ཟེད་ལིང་ལོང་བའི་རྒྱ་ལོའི་ལོ་སར་ཚེས་བརྒྱད་ལ་ཐོན་དུས། ཅི་ཡང་མེད་ཅིང་གང་ཡང་མ་འཇོན་པའི་མི་ཚེ་ལམ་ག་དང་། གང་ཞིག་མ་རྙེད་པའམ་ཅི་ཞིག་བཙལ་དགོས་པའི་འཚོ་ཚིས་ཀྱིས་རྒྱབ་ནས་དེད་ཅིང་ཡིད་གཉིས་ཀྱིས་མདུན་ནས་བསུས་པ་འདྲ་བའི་ངང་ལམ་ལ་ཆས། ལམ་ལ་ཆས་བཞིན་པའི་སྒང་འདིར་ལས་རླུང་དང་དུས་རླུང་འཚུབ་ཕྱོགས་ཤིག་གིས་ངའི་གཏན་ཆགས་ལྟ་བུའི་ལས་ཀའི་རྐང་ལམ་དེ་ཡང་གློ་རྡེག་ངང་དུམ་བུར་བཅད་སོང་ལ། དེ་ནས་སྟོང་འདང་མ་ཡིན་པའི་སྟོང་འདང་ཞིག་གིས་རེ་ཞིག་ཨོམ་ཚུགས་ངང་ཧད་དུ་བཅུག་པ་ཐེངས་གཅིག་ག་ལ་ཡིན། འདི་ནི་འཕེལ་བ་ལས་འགྲིབ་པ་མང་བའི་ང་དང་ངའི་ཉིས་སྟོང་བཅུ་དགུ་ཡིན།
༣
རིག་གནས་སྣ་མང་ཅན་དང་སྐད་ཡིག་སྣ་མང་གིས་གཅིག་གིས་གཅིག་ཟ་བཞིན་པའི་འཕོ་འགྱུར་འདི་ཡང་ཟློག་ཐབས་བྲལ་བའི་གནས་སྟངས་ཤིག་ཅི་ལ་མིན། དེ་བས་ད་ལོར་བདག་གི་འཚོ་ལམ་གྱི་རྒྱགས་ཕྱེ་འདི་ཡང་། རྨ་ཀླུང་སྔོན་མོ་རླབས་ཀྱིས་རྩེན་པའི་འགྲམ་རྒྱུད། ཆུ་མིག་ལྔ་ལྡན་དལ་གྱིས་འབབ་པའི་མདུན་ལྗོངས། དུ་ཞག་སྔོན་མོའི་ན་བུན་ཆགས་པའི་ལན་ཀྲོའུ་གྲོང་ཁྱེར་གྱི་ཁུལ་ཆུང་ཞིག་ནས་ངལ་རྩོལ་གྱི་ལས་གཞིའི་རིམ་པ་ཞིག་རྙེད་བྱུང་བས་དགའ་བ་དང་སྤྲོ་བ་ཆེ་ལ། རང་སྐད་རང་ཡིག་གི་ལས་རིམ་གྱིས། ཕ་ས་གོར་མོའི་འདུ་ཤེས་ཤིག་ངང་ངམ་ཤུགས་ཀྱིས་ཐོན་ཡོང་བས་དེ་ལས་ཀྱང་ཚད་མེད་པའི་དགའ་དུང་གི་བྲོད་པ་ཆེས་ཆེར་བརྟས་ཡོད་པ་ཅི་ལ་གསང་། འདི་ནི་རེ་བ་ལས་སྨོན་པ་མང་བའི་ང་དང་ངའི་ཉིས་སྟོང་བཅུ་དགུ་ཡིན།
༤
དགའ་སྤྲོས་ཁེངས་ཤིང་རེ་བས་བཅངས་པའི་ལས་གཞིའི་རིམ་པ་ནི། ལྗོངས་ཞིང་ལྔའི་མཉམ་དུ་རྩོམ་སྒྲིག་བྱས་པའི་སློབ་ཆུང་ལོ་རིམ་དང་བོ་ནས་དམའ་འབྲིང་གསུམ་པའི་བར་གྱི་སྐད་ཡིག་སློབ་དེབ་གཙོས་ཟུར་ལྟའི་དཔེ་དེབ་དག་རེད། འདི་ནི་དགེ་ཞིང་རྒན་པ་དག་གིས་བསླབ་དེབ་དག་གི་སློབ་ཚན་དམིགས་སུ་བཟུང་སྟེ་བསྒྲིགས་པའི་མ་ཕྱི་དག་ལ་ཞུ་དག་བྱ་དགོས་པ་དེ་རེད། ཡིན་ཡང་ལས་རིམ་འདིའི་ཕྱི་ནང་གསང་གསུམ་ན་ལྷ་དང་མི། ལྷ་མ་ཡིན་ཞིང་མི་མ་ཡིན་པའི་རིགས་སྣ་མང་འདུས་པའི་འཁོར་རྒྱུགས་ཀྱི་བར་གསེང་ན། དངུལ་ལོར་རྐྱང་རྐྱང་ལ་དམིགས་པའི་འདོད་ཧམ་ཅན་དང་། ཕྱི་རབས་མི་བསམ་ཞིང་ཕ་སྐད་མི་ཤེས་པའི་རྒྱགས་པ་ཅན། གོ་སར་འཐམ་ཞིང་ཨོང་ཤར་ལྡག་ལ་དགའ་བའི་ཁྱི་སྤྱང་ངན་འབྲེལ་གྱིས། རིགས་ལ་ཞེན་ཞིང་སྐད་ཡིག་ལ་དུང་བ་ཅུང་ཙམ་རེ་ཡོད་པའི་མིའི་ཤ་ཚུགས་འཛིན་པའི་གཟུགས་ཅན་དག་ལ། རེ་སྨོན་གྱི་རྨི་ལམ་ཟ་ཟི་ལས་དྭངས་ཤིང་གཙང་བའི་ལག་འཇུ་དོན་དངོས་པ་ཞིག་མེད་པ་ནི། དར་བ་ལས་རྒུད་པ་མང་བའི་ང་དང་ངའི་ཉིས་སྟོང་བཅུ་དགུ་ཡིན།
༥
ལས་རིགས་འདི་གཏིང་ཟབ་ས་དང་རྐང་མཐུག་ས་ནས་གླེང་ན་རླབས་ཆེན་གྱི་བྱ་བཞག་ཅིག་དང་། ལག་ཐུག་ས་དང་སྣས་སྣོམ་ས་ནས་བཤད་པ་ཡིན་ན། གོང་གི་བཅའ་ཁྲིམས་དང་སྟེང་གི་སྒྲིག་ལམ། བར་གྱི་ཚོང་ལམ་དང་ཞག་གི་དུས་ཚོད་བཅས་མ་འགལ་མ་ནོར་བ་བཅས་ཀྱིས། ཕྱི་མཛེས་ཤིང་ནང་མཐུན་པོ་ཞིག་ཡོང་དགོས་པ་ནི་ལས་སླ་མོ་ཞིག་ཡེ་ནས་མིན་ཏེ། ད་ལྟའི་ང་དང་སང་ཉིན་གྱི་རྣམ་པ་ཚོའི་ཕྱག་ཏུ་བསྟར་དགོས་པར་བསམ་ན་དེ་ལས་སེམས་དངངས་ཤིང་སྨྲེང་འདར་རེ་རྒྱག་དགོས་བྱུང་ཡོང་། ཕ་སྐད་ལ་གཅེས་དྲགས་ན་ཕྱིའི་མཛེས་པར་གནོད་ཅིང་མིང་ཚིག་ལ་ནོར་ཆེ་ན་བརྡ་སྤྲོད་ལས་རིང་དུ་བརྒལ་འགྲོ་བས། མི་རིགས་ཤིག་གི་སྲོག་རྩར་གྱུར་པའི་སྐད་ཡིག་ཆགས་འཇིག་དང་། མི་རབས་ཤིག་གི་ཁྲག་རྩའི་འཕར་ལྡིང་གི་ཉམས་རྒུད་ལ་གདོང་གཏད་ཡོད་པ་ནི། སེམས་པའི་དཀྱིལ་དང་སྙིང་གི་དབུས་ནས་རང་དབང་མི་ཡོང་ཞིང་སྦ་གསང་མེད་པར་ཞུ་འདོད་པ་ནི། བོད་ཆེན་པོའི་སྐད་ཡིག་གི་བདེ་སྡུག་གླེང་མཁན་དག་ལ་བགྲོ་བའི་བཟོད་གསོལ་དང་། སྤྲོ་སྣང་ལས་འཇིགས་སྣང་ཆེ་བའི་ང་དང་ངའི་ཉིས་སྟོང་བཅུ་དགུ་ཡིན།
༦
འདི་ནི་རྒྱལ་ཁབ་དང་མི་རིགས་ཤིག་གི་གཏན་གྱི་བདེ་སྡུག་དང་ལས་དབང་ཅི་མི་སྙམ་པར་བཞག་སྟེ། འཕྲལ་གྱི་རྒྱུ་དང་འབྱོར་བ་ཁོ་ནར་དམིགས་པའི་དེང་གི་སྤྱི་ཚོགས་ཀྱི་ངོ་གདོང་འདིས། ལྷ་བླ་མའི་སྐྱབས་འགྲོ་མི་དགོས་ཤིང་ཁྱིམ་ཕ་མའི་བྱམས་བརྩེ་མི་མཁོ། གྲོགས་ཀྱི་ཕྱི་ཐག་བརྗེད་དུ་བཅུག་ཅིང་གཉེན་གྱི་ཤ་ཉེ་ཕྲལ་དུ་བཞག སྒོ་ཁྱི་ནང་དུ་ལངས་ཤིང་ནང་མི་རྒྱང་དུ་གཡུགས། ཀུན་སློང་མི་གཙོ་ཞིང་རྒྱུ་འབྲས་མི་བསམ་པར། རང་གོས་ཕུད་ནས་ཁྱི་གོས་གྱོན། མི་ཚུགས་བོར་ཞིང་ཟོག་ཚུགས་དགའ་བའི་དེང་སྐབས། ཕ་སྐད་ཡ་མ་ཟུང་དང་སྤྱོད་པ་ར་མ་ལུག་གིས་ང་དང་ངའི་སྣོད་ཀྱི་ནམ་མཁའ་སྟོང་དུ་བཅུག་ཅིང་མདུན་གྱི་འཚོ་ལམ་དང་རྒྱབ་ཀྱི་དཔུང་གྲོགས་ཚང་མ་རིང་དུ་གྱེས་པར་བཏང་། འདི་ནི་ཕྱིར་ཡོང་མེད་པར་ལག་ནས་ཤོར་བའི་ཉིས་སྟོང་བཅུ་དགུ་ལོའི་བདེ་ཚོར་ལས་སྡུག་ཚོར་ཆེ་བའི་ང་དང་ངའི་ཉིས་སྟོང་བཅུ་དགུ་ཡིན།
༧
ཉིས་སྟོང་བཅུ་དགུ་ལོར་ཁྲོམ་ཚོགས་ཀྱི་འདུ་འཛི་ཀློང་ནས་འདུར་བ་ཡིན་ལ། ང་དང་ངའི་མི་དོན་དོན་གཉེར་གྱི་ཀུན་སློང་ཞིག་གིས་འཚོས་ནས་ལམ་ལ་ཆས་པ་ཡིན་མོད། ད་ལོ་ཅི་ཡང་མེད་པར་མི་རྐྱང་རྟ་རྐྱང་གིས་ཆུ་རྐྱང་ལ་རོལ་ནས་འདུག་དགོས་སོང་ལ། ཚོར་ཤེས་ཀྱི་གསེང་ནས་འབུས་ཡོང་བའི་དགའ་སྐྱོ་ཆགས་སྡང་གི་གཞས་མ་གཏམ་དང་། རང་ཉིད་དགའ་ཁ་འཁྱེར་ཕྱོགས་གྱི་ཚབ་མཚོན་རང་བཞིན་གྱི་རྩོམ་ཡིག་ཡག་པོ་ཞིག་ཀྱང་འབྲི་མ་ཐུབ་པར་ལེ་ལོ་དང་རྣམ་གཡེང་། བག་འཁུམ་དང་སྒྱིད་ལུག་གིས་རྒྱ་ཡན་དུ་ཤོར་བའི་དེ་རིང་། ངའི་མིག་མདུན་དུ་ཡོད་པ་ནི་ཁ་པར་ཞིག་དང་ཇ་ཕོར་ཞིག ད་དུང་གློག་གསོག་སྐུད་པ་ཞིག་དང་མིག་ཤེལ་ལས་ཅི་ཡང་མེད། འདི་ནི་ཉིས་སྟོང་བཅུ་དགུ་ལོའི་དངོས་བྲིས་དམར་རྗེན་མའི་སྡོམ་ཚིག་ལྟ་བུ་ཡིན་ལ། འདི་ནི་ཐོབ་པ་ལས་ཤོར་བ་མང་བའི་ང་དང་ངའི་ཉིས་སྟོང་བཅུ་དགུ་ཡིན། བདེ་མོ་བྱོས། ཉིས་སྟོང་བཅུ་དགུ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10