ང་དང་ང་འདྲ་བའི་མི་བུ་ཚོ།

འབྲོག་སྨྱུག་གྲོལ།        2020-11-09

གནའ་མི་བོད་ཀྱི་གཏམ་དཔེ་ལ “བསམ་བློ་བཞི་གསུམ་བཅུ་གཉིས།། བློ་རྩེ་ཉི་ཤུ་རྩ་ལྔ།། ”ཟེར་བ་ལྟར་བསམ་གཞིགས་ཀྱི་རི་མོ་ཉིན་གཅིག་གི་ཆུ་ཚོད་ཉེར་བཞི་ལ་བྲིས་ཙ་ན།

ངོ་མ་ཚོར་མ་བྱུང་། སྐྱེས་ཆེན་དམ་པ་དང་གང་ཟག་ཕུགས་འདུན་ཅན་གྱིས་མི་ཚེ་གཅིག་གི་ལྭ་བ་བཙེམ་ཐུབ་པར་མ་ཟད་གྱོན་ཡང་ནུས། ཡིན་ན་ཡང་ང་དང་ང་འདྲ་བའི་མི་བུ་གང་མང་གིས་མི་ཚེ་ཞིག་བཤད་ཅི་ལ་དགོས། ཐ་ན་ཉིན་གཅིག་གི་འགྲོ་འདུག་གོམས་གསུམ་གྱི་ལྭ་བ་གང་ནས་གྱོན་པའམ་གང་ནས་ཕུད་པ་ཚོར་གྱིན་མེད། དེ་ལྟར་ན། མ་འོངས་ཕུགས་འདུན་དཀར་པོ་ཟེར་བའི་དར་ཆ་ཅི་ལྟར་བྱས་ནས་དགུང་ལ་བསྒྲེང་རྒྱུ་ཡིན། དྲིན་ཆེན་ཕ་མ་གཉིས་ཀྱི་ཐུགས་སེམས་འོ་ཇ་དཀར་པོ་ཅི་ལྟར་བྱས་ནས་འཇལ་རྒྱུ་ཡིན། དུངས་སེམས་དར་སྐུད་མདུད་པ་ལྷོད་གྲོལ་དུ་མ་སོང་བའི་སྙིང་མཐུན་བྱམས་པ་དང་མཉམ་དུ་མི་ཚེ་ལམ་བུ་ཅི་ལྟར་བྱས་ནས་བསྐྱལ་རྒྱུ་ཡིན། ཕན་ཚུན་བརྩི་བཀུར་རི་རྒྱལ་ལས་དབུ་འཕང་མཐོ་བའི་གཉེན་ཉེ་དུའི་འབྲེལ་འདྲིས་ཀྱི་གསེར་ཟམ་ཅི་ལྟར་བྱས་ནས་བསྐྲུན་རྒྱུ་ཡིན། རང་ཉིད་ཀྱི་བུ་རབས་ཚ་རྒྱུད་ལ་ཡལ་མེད་འོད་ཆེན་གྱི་རིག་གནས་ཤིག་ཅི་ལྟར་བྱས་ནས་འཇོག་རྒྱུ་ཡིན།

ང་དང་ང་འདྲ་བའི་མི་བུ་ཚོ། ངེད་ཅག་ལ་ཤེས་ཡོན་ཡོད་དམ། ངེད་ཅག་ལ་སྤོབས་པ་ཡོད་དམ། ངེད་ཅག་ལ་བརྩོན་འགྲུས་ཡོད་དམ། ངེད་ཅག་ལ་ཕུགས་འདུན་ཡོད་དམ། ངེད་ཅག་ལ་མདུན་ལྗོངས་ཡོད་དམ། ངེད་ཅག་ལ་སྟ་གོན་ཡོད་དམ། ངེད་ཅག་ལ་ཅི་ཞིག་ཡོད་དམ། ཅི་ཡང་མེད་ན། ཅི་ཞིག་བྱེད་འདོད་ཡོད། མནོ་བསམ་ཞིག་བཏང་ནས་གོས་དཀར་གྱི་ལྭ་བ་གསར་བྱུང་ཞིག་གྱོན་ན་མི་འགྲིག་གམ། ཡང་ན། ཅི་ཞིག་བྱེད་འདོད་ཡོད།

ང་དང་ང་འདྲ་བའི་མི་བུ་ཚོ། ཉིན་གཅིག་གི་འགྲོ་འདུག་གོམས་གསུམ་མ་ཚོར་བར་ཧད་བསྡད་ཚེ། མི་ཚེ་འང་ཉིན་ཉིན་འདས་མཐར་རྫོགས་པ་ཞིག་མ་ཡིན་ནམ།

  • ལེ་ཚན་སྔོན་མ།:ཉེ་བའི་མི།
  • ལེ་ཚན་རྗེས་མ།:རྡོ་རྗེ་ནི་ཁྱི་རྒན་ཞིག་རེད།