གསང་ཚིག

ཨཱ་འཕགས་ལྷ་མོ།        2020-11-06

གསང་ཚིག་ནི་སེམས་ཁུར་གྱི་ནང་ན་ཡོད་པ་དང་། སེམས་ཁུར་ནི་སྐད་ཆའི་ནང་ན་ཡོད་པ་ཞིག་རེད་འདུག་པས་གཉེན་ཉེ་རིང་གྲོགས་དགའ་ཞེན་རྣམས་ཀྱིས་སེམས་ཁུར་གྱི་རླུང་བུ་འཇམ་བསིལ་བསིལ་རྒྱུ་བ་བཞིན་ཡོད་ཚད་ནས་ཡོད་ཚད་ངའི་འགྲམ་ནས་ཡོལ་སོང་།

དགུན་འཁྱག་རླུང་ལྡང་བཞིན་པའི་སྐབས་དེར། གཡས་སུ་ཀྱག་ཀྱོག་ཏུ་བཞུར་བཞིན་པའི་འགྲམ་ཆུ་ཞིག་གདའ། གཡོན་དུ་ནེའུ་གསིང་གི་རྒྱན་ཆ་སྤྲས་འདུག དེའི་གསེང་ན་ཁྱིམ་ཚང་ཆུང་ཆུང་ཞིག་ཆགས་ཡོད་པར་མ་ཟད་ཞོགས་པར་དུ་བ་དགུང་དུ་འཕྱུར་བའི་ཚེ་ཁྱིམ་ཚང་དེ་ལ་རེ་བ་ཞིག་འཆང་ཡོད་པ་འཕྱང་མོ་ཉུག བུ་མོ་རང་སློབ་གྲྭས་དགུན་གནང་གི་སློབ་མཚམས་བཞག་ནས་ཕྱིར་དྲིན་གྱི་བདག་མོའི་མདུན་དུ་ཐོན་ནས་ཉིན་གཉིས་ལས་མ་འདས། ངས་དྲིན་མ་ལོའི་ལས་ལུགས་ལས་སྟངས་ཐད་རྗེས་བསྙེག་བྱས་ཟིན། སྔར་དང་མི་འདྲ་བའི་གནས་ཚུལ་གང་མང་ཞིག་མིག་སྔར་ཕྲ་ལམ་མེར་ཤར་བྱུང་། སྔོན་མ་དྲིན་མ་ལོ་ནི་ཇ་ནག་པོ་འཐུང་རྒྱུ་ལ་ཧ་ཅང་དགའ་བར་མ་ཟད་ཚ་ཁོག་དྲོད་གསུམ་གྱི་ཟ་མ་བཟའ་རྒྱུ་ལ་ཧ་ཅང་དགའ་བོ་ཡོད།

རེད་དེ། དེ་རིང་ཁ་སང་ཨ་མས་དེ་དག་རྩ་བ་ནས་ཟ་འཐུང་བྱེད་བཞིན་མེད་པར་མ་ཟད་ང་ལའང་ཐེངས་གང་མང་ཞིག་ལ་མང་པོ་མ་བཟའ་ཟེར་བཞིན་ཉིན་གཉིས་ཙམ་འགོར་སོང་། ཆུང་ནས་ད་བར་ངའི་འགྲོ་འདུག་འཆག་གསུམ་ལ་གཉེར་སྐྱོང་གནང་མཁན་གྱི་དྲིན་ཆེན་བདག་མོ་ལ་སྔོན་མ་སྔོན་མ་ནས་ཕོ་ཁ་ལ་ནད་གཞི་ཅུང་ཡོད་པ་ངས་སྔར་ནས་ཤེས། རེད་དེ། ང་ཨ་མའི་རྒྱུད་དུ་བསྡད་པའི་ཉིན་འདི་དག་གི་སྐབས་ལ་ཨ་མས་ཕོ་ཁའི་སྐོར་སྨན་འཐུང་བཞིན་མི་འདུག

དེ་ལས་གཞན་པའི་བོད་སྨན་མང་པོ་ཞིག་ཉིན་མཚན་དབྱེར་མེད་ངང་འཐུང་བཞིན་འདུག ངས་ལྐོག་ཏུ་སྨན་དེ་ཚོའི་ཕན་ནུས་ལ་ཕྲ་ཞིབ་ངང་བལྟས་ཏེ་དེ་དང་འབྲལ་མེད་ཀྱི་སྨན་ཏག་ཏག་རེད་འདུག དེ་རིང་ཞོགས་པར་ཕུ་བོ་དམ་པས་དྲིན་ཆེན་གྱི་བདག་མོ་ལ་སེམས་ཁུར་རྩ་བ་ནས་བྱེད་མི་དགོས། སྐོར་བར་སོང་ནས་ཆོས་དགེ་བའི་ལམ་དུ་སོང་ཞེས་པའི་དྲྭ་ལམ་གྱི་སྐུད་པ་རྒྱུད་དེ་སྐད་དེ་བསྐུར་འདུག་པས་དྲིན་མ་ལོས་རྣ་བའི་བུ་གར་བརྒྱུད་དེ་ཉིན་ཙམ་བྱས་རྗེས་ངའི་གཟུགས་བརྙན་མཐོང་སྟེ་མྱུར་དུ་ཁ་པར་སྒོ་བརྒྱབ་སོང་། འོན་ཀྱང་། དོན་དངོས་སུ་ངས་སྐད་ཆ་དེ་ཚོ་ཧ་ཅང་གསལ་བོའི་ངང་ཚོར་བྱུང་། དེ་དུས་སེམས་སུ་གློ་བུར་དུ་སྨྲ་མི་ཤེས་པའི་ཚོར་བ་ཞིག་ཡོད་པར་མ་ཟད་བརྗེད་ངེས་སུ་གྱུར་པའི་འདས་དོན་མང་པོ་ཞིག་ཕྱིར་དྲན་བྱས་ནས་ཨ་མར་འཐམས་ཏེ་ངུ་གདུང་བྱས། ན་ཟུག་དྲག་པོ་ཞིག་སྐྱེས་ཏེ་བཤད་བསམ་པའི་སྐད་ཆ་ཡོངས མགྲིན་པ་བརྣངས་ཤིང་སྐད་ཆ་ཚིག་གཅིག་ཀྱང བཤད་མི་ཐུབ་པར་དེ་ལྟར་བྱས་ནས་ཡུན་རིང་འགོར་སོང་། ཨ་མས་བྱམས་བརྩེའི་འཛུམ་མདངས་ལས་འཛུམ་ཞིག་མངོན་ནས་བུ་མོ་གཟའ་རོ་ཁྱེད།ངའི་ལུས་ཐོག་ལ་སྔོན་ནད་གཞི་ཕོ་ཁའི་ནད་དེ་ཡོད་པ་ཁྱེད་ཀྱི་མི་ཤེས་སམ། དེ་མ་གཏོགས་གཞན་ནད་ཅིག་གང་ན་ཡོད་རེད། ཨ་མས་དེ་ཟེར་ཞོར་ངའི་ཐོད་པའི་སྟེང་དུ་འོ་ཞིག་བྱས་སོང་། ངས་སེམས་སུ་ཕྲ་ལམ་མེར་ཤེས་པ་ཞིག་ལ་ནད་དེ་མིན་པ་ཧ་ཅང་གསལ་པོ་ཤེས། ད་ངས་ཇི་ལྟར་བྱ། ཁྱེད་ནི་ངའི་འཚོ་བའི་རྒྱབ་རྟེན་དེ་ཡིན། ཁྱེད་བོར་བའི་ཉིན་དེ་དུས་སྤྱི་ཚོགས་སྟེང་འཚོ་བའི་ཁ་དོག་མེད་ལ་གཞིས་ཁྱིམ་དྲོད་མོའི་འཚོ་བ་མེད་པའི་དྭ་ཕྲུག་ཅིག་ཅི་ལ་མིན། ནུས་མེད་ངས་ད་དུང་ཁྱེད་ཉིད་ལྷ་སར་ཇོ་བོ་རིན་པོ་ཆེར་མཇལ་དུ་ཁྲིད་མེད་པ་ལ་སོགས་སེམས་ངོས་སུ་དྲན་པ་གང་མང་ཞིག་ཤར་བྱུང་། ཡིད་སེམས་རབ་ཏུ་གདུངས་ཏེ་སྙིང་ལ་གཟིར་བའི་ཕྱི་མིག་ལྟ་བ་བཞིན་མུ་ནས་མུ་མཐུད་དུ་མདུན་དུ་བསྐྱོད་པའི་བསྐལ་བ་བཟང་པོ་འདི་ཡོད་པ་ལ་སྙིང་ནས་ཡིད་ཚིམ་བཞིན་ཡོད།

དུས་དེ་རིང་གི་ཉིན་མོ་འདི་ནས་བཟུང་ངས་རིན་ཐང་གསེར་ལས་དཀོན་པའི་དུས་ཚོད་སྐད་ཅིག་ཙམ་ལའང་སྔོན་དང་མི་འདྲ་བ་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད། ཚེ་མི་རྟག་རྩྭ་མགོའི་ཟིལ་བ་འདྲ་ཞེས་པ་དེ་ངས་ཧ་ཅང་གསལ་བོར་ཤེས་བཞིན་ཡོད་དང་ཡོད།རེད་དེ་དེ་ལྟར་བྱས་ན་ཡོད་ཚད་ནས་ཡོད་ཚད་སྔ་དྲགས་སོང་།ཡ་ང་བའི་གསང་ཚིག་རེ་རེ་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་འཁྱག་སིབ་སིབ་སེམས་ཀྱི་གཏིང་རུམ་དུ་ལྷུང་སོང་།

  • ལེ་ཚན་སྔོན་མ།:བྱ་ཁྱུང་ཡིན་ཟེར་བའི་འདྲ་པར་ངོ་མཚར་བ་ཞིག་མཐོང་རྗེས།
  • ལེ་ཚན་རྗེས་མ།:ཉེ་བའི་མི།