གངས་ལྗོངས་ལགས།

སྨག་སེལ།(ཡུལ་ཤུལ)        2017-09-06

གནའ་སྔ་མོར། ཧི་མ་ལ་ཡའི་རྩེ་མོ་གནམ་མཁའི་དགུང་ལ་ཟུག་ཡོད། གངས་དཀར་ཏི་སེའི་དབུ་འཕང་རྒྱ་མཚོའི་ནང་ནས་འཁྲུངས་སོང་། མེས་པོ་བྱང་ཆུབ་སེམས་པ་མགོན་པོ་རི་ལ་འཚོས་ཡོད། སྤྲ་དང་སྤྲེའུ་རྒྱུད་ལས་བོད་མིའི་འགྲོ་བ་བྱུང་སོང་། ཨེ་མ། སྲིད་པ་བོད་ཀྱི་གངས་རི། འཛམ་གླིང་འཛིན་མའི་ཁྱོན་ན། ཁྱེད་ཀྱི་དཔའ་མཛངས་དང་བརྟུལ་ཕོད་ཀྱིས་སྣང་སྲིད་ལ་ཁ་ལོ་བསྒྱུར་མྱོང་ཞིང་། ཁྱེད་ཀྱི་དྲང་བདེན་དང་སྒལ་ཚིགས་ཀྱིས་མི་ཡུལ་ལ་བདེན་མཐུ་བསྩལ་མྱོང་བ་སུ་ཡིས་བསྙོན། སྐབས་དེར། བོད་ཁམས་སྤར་ཁ་ཆེ་བརྒྱད་དམ། རྒྱལ་ཕྲན་སིལ་མ་བཅུ་གཉིས་ཞེས། མངའ་ཐང་སྟོབས་འབྱོར་གྱི་འཕེལ་ཁ་བཙན་ཞིང་། ཆོས་སྲིད་རིག་གནས་ཀྱི་རྒྱལ་མཚན་བསྒྲེངས་ཏེ་སྙན་པའི་བ་དན་དཀར་པོས་ས་གསུམ་གྱི་སྙན་དབང་གསོས་ཤིང་། སྐུ་མདངས་དུང་ཟླ་འདྲ། འཛུམ་མདངས་མེ་རེ་རེ། སྐུ་ལྟོས་རི་ལས་བརྗིད་ཅེས་པའི་འདྲེན་མཆོག་ཐོག་མ་ཡང་ཕེབས་པ་ལགས།

མར་དྲི་དང་རྩམ་དྲི་འཐུལ་བའི་ང་ཡི་གདོང་དམར་བོད་པ། དད་འདུན་དང་ཡིད་ཆེས་ཀློང་གི་ང་ཡི་བཙན་པོའི་མི་རབས།  ཁྱེད་ཀྱིས་སྐྱེ་བ་ནས་ཚེ་རབས་དུ་མར་ངོ་ཚ་དང་ཁྲེལ་གཞུང་བོར་མ་མྱོང་ལ། ཁྱེད་ཀྱིས་སྐྱིད་པ་ནས་སྡུག་པའི་བར་དུ་བྱང་སེམས་དང་དམ་ཚིག་ཡལ་མ་མྱོང་། གངས་ལྗོངས་ལགས། ང་ཡི་མེས་པོ།   ཁྱེད་ནི་མེ་ཏོག་གི་འཛུམ་ཁ་ན་གྲོལ་བའི་ཟེའུ་འབྲུ་བཞིན་ལྷད་མེད་ཉམ་ཆུང་གིས་འཚོས་ཤིང་། ཁྱེད་ནི་བྱང་ཐང་གི་གྲང་ངར་ལ་རུམ་པའི་འབྲོང་གཡག་དར་མ་བཞིན་མི་ཉམས་རྔམ་བརྗིད་ཀྱིས་འགྱིང་ཡོད། ཁྱོད་ཀྱི་འཁྲེང་ཞེན་གྱི་མིག་མདངས་གཉོམ་པོས་རང་གཤིས་ཀྱི་ལང་ཚོར་གཟིགས་ཏེ། གངས་རིའི་ར་བ་དཀར་པོ་ལུགས་གཉིས་ཀྱི་མཛད་འཕྲིན་ཟབ་མོས་ཡོངས་སུ་བསྐོར་བ་ནས། ཁྱོད་ཀྱིས་རང་དབང་ཐམས་ཅད་བདེ་བ་ཡིན། གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན་ཞེས་པའི་གནས་ལུགས་ལྟར་རང་དབང་དང་ཐོབ་ཐང་ལ་རྡོག་རོལ་བཏང་མ་མྱོང་ལ། ལས་འབྲས་དང་དད་མོས་ལ་ཐེ་ཚོམ་ཡང་གནང་མ་མྱོང་།

ཁྱོད་ལ་ཤེས་རབ་ཀྱི་མཚོན་ཆ་ཐོགས་ཏེ་འདི་སྣང་གི་མཛེས་སྡུག་ཡོད་ཚད་སྒྱུ་མར་བཀྲལ་ཅིང་། ངེས་འབྱུང་གི་གླུ་ཆུང་ཟ་ཟི་གདངས་ལ་འཐེན་ཏེ། སྐབས་རེར་རང་སེམས་ཀྱི་ཀློང་དུ་རྡོལ་བའི་ཚོར་འདྲེས་ཀྱི་སྙན་ངག་བྲིས་མྱོང་ལ། ལན་རེར་རྣམ་རྟོག་གི་འཆིང་ཐག་ཕྲ་མོ་རྫུ་འཕྲུལ་གྱི་འདོམ་ལ་འཇལ་མྱོང་། དེ་ལྟར་སྔོན་བྱོན་གྱི་སྐྱེས་མཆོག་དུ་མས་ལྷོ་བྲག་མར་པའི་ཡུལ། གཙང་སྟོད་ས་སྐྱའི་ཕྱོགས། བསམ་ཡས་སྒྲ་སྒྱུར་གླིང་། དགའ་ལྡན་དག་པའི་ཞིང་། མདོར་ན་སྲིད་པ་བོད་ཀྱི་གངས་རི་ལ་དུས་རབས་ཀྱིས་བརྗེད་མི་སྲིད་ལ།  ལོ་རྒྱུས་ཀྱིས་འདོར་མི་དཔེ་བའི་གསེར་གྱི་གླེགས་བམ་བརྩེགས་ཤིང་། རང་སེམས་ན་འོད་དུ་འཚེར་བའི་དངུལ་གྱི་ཀ་བ་བསླངས་ཡོད། ད་དུང་ཡང་། འཛམ་གླིང་འཛིན་མའི་ཡང་རྩེ་འདིར། སྤྲོས་བྲལ་དབུ་མའི་ལམ། ཐེག་མཆོག་ལྟ་བའི་གནད། མྱུར་ལམ་སྔགས་ཀྱི་སྲོལ་ཏེ་ཟབ་གསང་དབྱངས་ཀྱི་ང་རོ་དྲག་པོ་ས་ཆེན་པོའི་དཀྱིལ་འཁོར་ན་ལྷང་ལྷང་འཕྱུར་བྱུང་།

ང་ཡི་བོད་པ། ཁྱོད་འཚོ་ས་ཨ་སྔོན་ནམ་མཁའི་དབྱིངས་རེད། ཁྱོད་རྩེད་ས་དོག་མོ་ས་ཡི་ཁྱོན་རེད། གཡང་དཀར་ལུག་ཁྱུ་དང་། འདོ་རིག་རྟ་ཕོ། ནོར་ནག་ཆུང་དང་། སྦྲ་ལེབ་ཆེན། སྦྲང་དཀར་རྩམ་པ་དང་། འབྲི་མོའི་འོ་མ།  འདི་དག་ཡོད་ཚད་མི་རབས་ནས་མི་རབས་བར་དུ་ཁྱོད་ཀྱི་ལང་ཚོའི་དྲི་བསུང་ལ་འཐུལ་ནས་ཡོད། འདི་དག་ཡོད་ཚད་ཤ་གསེང་ནས་རུས་གསེང་བར་དུ་ཁྱོད་ཀྱི་བསམ་པའི་འདང་བརྩེ་ལ་ཁྱབ་ནས་ཡོད། གངས་ལྗོངས་ལགས།  ང་ཡི་བོད་པ། ཁྱེད་ཀྱི་བླ་ན་མཐོ་བའི་དད་སེམས་ཀྱི་སྙིང་པད་ཀློང་དུ། ཁྱེད་ཀྱི་གཞལ་བར་དཀའ་བའི་བྱམས་བརྩེ་ཡི་མིག་ཟུང་ནང་ན། གཞོན་མ་རྣམས་ཀྱིས་ཁྱིམ་ཐབ་ལ་གཙང་སེལ་བྱེད་ཀྱིན།  སྐྱེས་པ་རྣམས་ཀྱིས་དགྲ་ལྷ་ཡི་དཔའ་བསྟོད་གནང་ཉིན། ལྷིང་འཇགས་ཀྱི་མཐོན་མཐིང་ན་འཚེར་བའི་གསེར་མདོག་གི་འཇའ་ཚོན་སེར་པོ་དྭངས་ཤིང་མཛེས་ལ། དབྱངས་གསལ་གྱི་རྒྱུད་སྐུད་ལ་འདྲེན་པའི་འབྲོག་ཐང་གི་རྫི་གླུ་རིང་མོ་སྙན་ཞིང་འཇེབས།

གཡོ་ཟོལ་དང་སྡུག་རྩུབ་ཀྱིས་མ་བསླད་པའི་རིག་པའི་གནས་ཆེན་རེ་རེས་ང་ཚོར་འོད་སྣང་ཁྲི་འབུམ་གྱི་རེ་བའི་རྨི་ལམ་བསྐྲུན་ཡོད། རྟོག་བཏགས་དང་ཆོམ་རྐུན་གྱིས་མ་བརྫུས་པའི་དགེ་བའི་སེམས་བྱུང་རེ་རེས་ང་ཚོར་ཐོགས་རེག་བྲལ་བའི་དོན་དམ་བདེ་སྐྱིད་ཀྱི་མལ་ཁང་བཞེངས་ཡོད། དེའི་ཕྱིར་འོད་ལམ་ལམ་གྱི་གངས་ལྗོངས་སུ་རིན་ཐང་བྲལ་བའི་གཅེས་ནོར་ཕུན་ཚོགས་ནི། འབག་བཙོག་གི་དྲི་མས་མ་གོས་པའི་རི་ཆུ་ནགས་གསུམ། ཤ་རུས་ཀྱི་རྐང་ལ་ཟུག་པའི་རྟག་བརྟན་འགྱུར་མེད་ཀྱི་དད་སེམས་ཟབ་མོ། ཡིད་བརྙན་དང་ཚོར་རྟོག་གི་གཏིང་དུ་སིམ་པའི་མགུར་གླུ་སྙན་མོ། དུས་རབས་དུ་མའི་བག་ཆགས་ཀྱི་ཀློང་ནས་བརྡོལ་བའི་གོམས་གཤིས་ལགས། ཁྱེད་ནི་ང་ཚོས་སྔར་བཞིན་འབད་བརྩོན་དང་རྔུལ་ཆུའི་ཁྲོད་ནས་སྙོར་འོས་ལ། ཁྱེད་ནི་ང་ཚོས་སྔར་བཞིན་བྱམས་བརྩེ་དང་ཤེས་རབ་ཀྱིས་བསྐྱང་ཆོག


  • ལེ་ཚན་སྔོན་མ།:དགུན་ཁ།
  • ལེ་ཚན་རྗེས་མ།:དགེ་རྒན་ལགས།ཁྱེད་ནི་བསྟོད་འོས་ཁྱེད་ནི་བསྔགས་འོས་སོ།