དགེ་རྒན་ལགས།ཁྱེད་ནི་བསྟོད་འོས་ཁྱེད་ནི་བསྔགས་འོས་སོ།

ཉི་མ་རྡོ་རྗེས།        2017-09-12

     དགེ་རྒན་དུས་ཆེན་འདི་སླེབས་དུས།  ངས་ཁྱེད་ལ་ཤིས་ཚིག་བྲིས་པའི་འཕྲིན་ཡིག་ཞིག་ཕུལ།དཀར་ཞིང་གཙང་བའི་འཇིག་རྟེན་ཞིག་ཏུ་དམར་མདངས་བཀྲ་བའི་པད་སྡོང་གི་ལོ་འདབ་དེ་བྲོ་གར་རྩེན་པའི་མེ་ལྕེ་ཞིག་དང་།གཡབ་མོ་བྱེད་པའི་ལག་པ་ཞིག་དང་མཚུངས་བར་གཅིག་ནས་མངོན་གསལ་ཅན་ཡིན་པ་དང་ཕྱོགས་གཞན་ཞིག་ནས་དུང་བ་ཅན་ཞིག་ཡིན།

     ༩པའི་ཚེས༡༠ཡི་དུས་ཚོད་འདི་སླེབས་དུས་ངས་ལྡབ་འགྱུར་གྱིས་ཁྱེད་ཀྱི་བཀའ་དྲིན་དྲན་ལ།ཁྱེད་ཀྱིས་ང་ལ་དུང་བ་ཟབ་མོས་ཤེས་རིག་གི་འོ་ཞོ་མངར་མོ་བསྩལ་བས་ངས་ཇི་ལྟར་དྲིན་ལན་གཞལ་དགེ་རྒན་ལགས།

     ང་ཚོ་སློབ་ཐོན་བྱས་ཏེ་རྒྱང་དུ་སོང་ཡང་། ཁྱེད་ཀྱིས་ང་ཚོ་རྒྱང་དུ་བསྐྱལ་རྗེས་སྔར་མུས་བཞིན་ཤུལ་དུ་བཞུགས་ནས་སློབ་བུ་སྐྱོང་བའི་བྱ་བ་རླབས་པོ་ཆེ་སྤེལ་བར་བྲེལ།

     འཇིག་རྟེན་ཆོས་བརྒྱད་ཀྱི་བྲན་ཏུ་མ་ཁོལ་བའི་ངའི་དགེ་རྒན་རྣམ་པ་ལགས།རྟ་བདུན་གྱི་འོད་དང་ཕ་མའི་བཀའ་དྲིན་གཉིས་ག་ནི་ཁྱོད་ལ་འོས་པའི་དཔེར་བརྗོད་ཁོ་ན་སྟེ།དངོས་གནས་ཁྱེད་ཀྱི་བཀའ་དྲིན་ནི་རི་བོ་ལས་དཔངས་མཐོ་བ་དང་།རྒྱ་མཚོ་ལས་གཏིང་ཟབ་པ་ཞིག་ཡིན།ངས་རྒྱུན་པར་ཁོག་ན་ཡོན་ཏན་མེད་ཅིང་ཕོ་བ་ལྡིར་བའི་དམངས་ཀྱི་བདེ་སྡུག་ལ་མི་བལྟོས་པའི་དཔོན་པོ་ཚོ་སྟུག་འདི་ཚོ་མཐོང་དུས།ཁྱེད་ཀྱི་སློབ་བུ་སྐྱོང་བའི་གྲིབ་གཟུགས་ནི་མཁའ་རུ་འཕགས་ལ་ལྷ་ཡི་དབང་པོ་བརྒྱ་བྱིན་ལས་ཀྱང་ཁྱེད་གཟི་བརྗིད་ཆེ།

    ༩པའི་༡༠སྟེ་སྟོན་གྱི་དུས་ཚིགས་དང་ལྷན་ཏུ་ཕེབས་པའི་དགེ་རྒན་གྱི་དུས་ཆེན་ལགས།

     ངས་རང་སེམས་དྲོན་མོ་འདི་དང་སྙིང་རྗེ་བའི་སྙུ་གུ་འདི་གཉིས་བསྡེབས་ནས།ཁྱེད་ཀྱིས་བསྩལ་བའི་ཤེས་རིག་འདི་བརྒྱུད་དེ་སེམས་ཁོང་ནས་བརྗོད་འདོད་པའི་དུང་བ་སྟེ།ཁྱེད་ཀྱི་མཛད་འཕྲིན་དབྱར་གྱི་མཚོ་མོ་ལྟར་རྒྱས་པ་དང་།སྐུ་གཟུགས་བདེ་ཐང་གི་སྨོན་ལམ་དེ་ཡང་བསྐྱར་དུས་བཟང་འདི་དང་བསྟུན་ནས་ཕུལ་ངེས་ཡིན་ལགས།


  • ལེ་ཚན་སྔོན་མ།:གངས་ལྗོངས་ལགས།
  • ལེ་ཚན་རྗེས་མ།:གྱི་ལིང་།