དགའ་ཕ་ལམ།(མཛོད་དགེ) 2017-09-06
ནམ་རྒྱུན། ཁྱོད་ཀྱི་ཕྱོགས་སུ་ཕྱེས་པའི་ཚེ་སྲོག་གི་སྒོ་དང་སྒེའུ་ཁུང་ལས། ངས་ཁ་བའི་ཀློང་གི་ཉི་འོད་ཀྱི་འཇིག་རྟེན་དང་ཉི་འོད་འོག་གི་ཁ་བའི་རྒྱལ་ཁམས་ཤིག་ལ་རེ་ཞིང་སྒུག་ནས། དབུ་རྩེ་སྤྲིན་རིམ་དུ་ཟུག་པའི་གཉན་ཆེན་ཁ་བ་དཀར་བོའི་ཕྱོགས་སུ་ཡང་ཡང་བལྟས་རྗེས། འདི་ནས་རིང་དུ་ཕྱིན་པའི་མེས་པོ་རལ་བ་ཅན་དག་གི་ཞབས་རྗེས་རི་མོ་སྙེག་གིན་ཕྱིར་ལྡོག་མེད་པར་བུད་སོང་བའི་རྒྱང་རིང་གི་གནམ་སའི་མཚམས་སུ་ནན་གྱིས་ཅེར།
དབུ་ལ་སེ་མདའ་ལྷུང་བའི་ང་ཡི་དྲིན་ཆེན་གྱི་ཨ་མ་ལགས། ཁྱོད་ལ་ལོ་ཟླའི་ཁ་བས་ཟས་འདྲའི་སྐྲ་ལོ་ཡི་ཉག་མ་ག་ཙམ་ཡོད། ག་ཙམ་ཡོད།
གང་ལྟར། ང་རང་དགུན་ཁ་ལ་དགའ། དགུན་གྱི་གྲང་ངར་དང་ལྷགས་རླུང་ལ་དགའ།
ཁ་བ་དང་ཉི་འོད་ལ་དགའ། ད་དུང་འགྲམ་དར་དང་ཆབ་རོམ་ལའང་ལྷག་ཏུ་དགའ།
བྱང་རླུང་འུར་འུར་ལྡང་ཞིང་ཁ་བ་མར་མར་འབབ་དུས། དགུན་ཁ་ནི་ཚེ་སྲོག་གི་གཤེད་མ་ཞིག་དང་འདྲ། བག་ཡངས་ཀྱིས་འཚོ་ཞིང་མཆོང་ལྡིང་གི་གར་ལ་རོལ་བའི་རི་སྐྱེས་ཁྲི་འབུམ་མང་བོ་ཕན་ཚུན་དུས་བཏབ་པ་བཞིན་དགུན་གྱི་མལ་དུ་འདེད་ཅིང་། ཆུ་དང་གཙང་བོ། མཚོ་དང་མཚེའུ་ཡོད་ཚད་འཁྱག་རོམ་གྱི་སྦུབས་སུ་ཚུད་ནས་ཁ་ཁུ་སིམ་མེར་འདུག ད་དུང་། གསོན་ཤུགས་ཀྱིས་སྙེམས་པའི་རྩྭ་དང་རྩི་ཤིང་གི་ཚོགས་རྣམས་སྐྱ་ཆད་སྔོ་སྡུག་གིས་ཡངས་པའི་སྤང་ཐང་ནི་མྱ་ངན་གྱི་གྲམ་པ་ཞིག་འདྲ་བར། རུས་ལྷགས་རྒྱག་པའི་གྲང་ངར་དེ་སྤུན་ཟླ་རྫོགས་མེད་ཀྱི་སྙིང་ལ་ན་ཟུག་གི་ཚེར་བ་བཞིན་དུ་ཟུག་འོང་།
འོན་ཏེ། དགུན་ཁ་གཅིག་པུར་ད་གཟོད་ཁ་བ་ཡོད་ཅིང་། ཁ་བའི་གོས་དཀར་བཀླུབས་པའི་རི་ཚོགས་ཀྱི་ཕྲེང་བ་བསྟར་ལ་བརྒྱུས་པས། བདག་གིས་ཁྱོད་ཀྱི་ངོ་བོ་དང་སྣང་བརྙན་མ་ལུས་གཅིག་ཏུ་བསྡུས་པའི་གངས་མི་ཞིག་ལས་རྗེས། དེ་ལ་ཁྱོད་ཀྱི་བརྡ་དང་ཐ་སྙད་སྦྱར་ཏེ་རྒྱང་རིང་ནས་འབོད་པ་ལན་གསུམ་གནང་བ་གསན་ཨེ་བྱུང་། ཨ་མ་ལགས། འདི་ནས། ཕར་ལ་འགྲོ་བའི་ཁྱོད་ཀྱི་ཐྲིག་ཐྲིག་གི་གོམ་སྒྲར་ཉན་ཆོག་ཅིང་། ཚུར་ལ་ཡོང་བའི་ཁྱོད་ཀྱི་ཐྲིག་ཐྲིག་གི་གོམ་སྒྲར་ཡང་ཉན་ཆོག་པས། ངའི་ནང་སེམས་ན་མེ་སྟག་འཚུབ་འདྲའི་རེ་བ་དང་ཡིད་ཆེས་ཀྱི་དྲོད་ཅིག་ཡོད། སྡུག་གི་རྨ་ཁ་ཆོས་ཀྱིས་གསོ་བའི་དད་མོས་ཀྱི་སྟོབས་ཤིག་ཡོད།
ཁེར་རྐྱང་གི་དུས་སུ། ཁ་བའི་རྡུལ་ཕྲན་བརྩེགས་པའི་ཁྱོད་ཀྱི་སྣང་བརྙན་ཁོ་ན་ངས་རང་གི་མ་འོངས་པའི་ཕྱེད་ཀར་རློམ་ནས་ཤའི་དྲོད་ལ་སྦྱར་ཡོད། གྲང་ཤུར་ཤུར་གྱི་ཁྱོད། འཁྱག་སབ་སིབ་ཀྱི་ཁྱོད། ང་རང་ནག་ཡོར་ཡོར་བྱེད་པའི་རི་ཚོགས་ཀྱི་གྲིབ་མའི་ཁ་གཏད་དུ་ཀྲོང་ངེར་འགྱིང་ཡོད། ད་དུང་། དཀར་བོང་བོང་གི་གངས་རིའི་ཕྲང་སྟེང་དུ་གོམ་པ་སྤོས་ནས་རང་ཉིད་ཉི་ཟླ་དང་ཁ་ཐག་ཇེ་ཉེ་རུ་གཏོང་གིན་ཡོད། གངས་རིའི་ཕྲག་གོང་ནས་བཞུད་སོང་བའི་ཉི་ཟླ་ལྟ་བུའི་སྐྱེས་ཆེན་དག་དང་ཁ་ཐག་ཇེ་ཉེ་རུ་གཏོང་གིན་ཡོད།
ཨ་མ། ང་ནི་ཁ་བ་དང་གྲང་ངར་ལྷན་དུ་སྤུངས་པའི་དགུན་ཁ་ཞིག་ལ་སྐྱེས་པས། ང་ལ་ལྕགས་ལས་གྲུབ་པའི་རུས་པ་དང་སྒལ་ཚིགས་སྲ་མོ་ཞིག་ཡོད། ང་ལ་གངས་ཆབ་ཟེགས་མར་འདྲེས་པའི་ཁྲག་རྒྱུན་དང་མིག་ཆུ་དྭངས་མོ་ཞིག་ཡོད། དེ་བས། ང་རང་དགུན་གྱི་བཀྲེས་སྐོམ་དང་ན་ཚ་ལ་མི་སྐྲག གྲང་ངར་དང་ལྷགས་རླུང་ལ་མི་འཇིགས། ཁ་བ་བུ་ཡུག་གི་རྒོལ་བར་ཡང་མི་འཛེམས། ང་ནི་དགུན་གྱི་སྡང་སྡིག་དང་བཟོད་བསྲན་ཁྲོད་ནས་སྦྱངས་རྡུང་བགྱིས་པའི་རལ་གྲི་ཞིག་ཡིན་ལ། ང་ནི་དགུན་གྱི་ཟུག་གཟེར་དང་ཐབ་ཀྱི་མེ་ལྕེ་ནང་ནས་ངར་ཁ་བླུད་པའི་ལྕགས་ཀྱི་མདའ་མོ་ཞིག་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10