གདམ་ག

སྒོ་ཡོན།         2017-09-01

  གདམ་ག

  ཕྱིར་འོང་ཡེ་ནས་མེད་པའི་མི་ཚེའི་སྐད་ཅིག་མང་པོ་ཕར་ཕར་རྫོགས་ཀྱང་།  རྟོག་པའི་ཟབ་སར་ཉར་བའི་བག་ཉལ་གྱི་དྲན་པ་ནི་སིལ་ཝེ་དྷོར•ཏེ་ལེ(salvador dali )ཡི་སྒྱུ་འཕྲུལ་རི་མོ་ཇི་བཞིན་ནམ་ཡང་ཡིད་ཀྱི་ཐང་གར་གནས།

   ངའི་སྔར་འདས་ཀྱི་འཚོ་བ་ལས་ཆེས་བརྗེད་དཀའ་བ་ནི་མི་ལོ་བཅོ་ལྔར་སོན་པའི་དུས་ཏེ། ལོ་དེར་གཅེན་པོ་དྲུག་དང་མཚུངས་པར་ང་ཡང་མི་ཚེའི་གདམ་གར་ཐོག་མར་ཞུགས་པ་རེད། དེ་ནི་ཨ་མ་ལགས་ཀྱིས་བཏོད་པའི་ངེད་ཚང་གི་ཁྱིམ་སྲོལ་དམིགས་བསལ་བ་སྟེ། པཱ་ལགས་སྔ་མོ་ནས་སྐུ་གཤེགས་པས་ཁོང་མོ་གཅིག་པུས་ང་ཚོ་བུ་ཕྲུག་བདུན་པོ་རིམ་བཞིན་བསྐྱངས་ནས་འོངས་ཤིང་། ཕྲུ་གུ་རེ་རེ་རང་ལོ་བཅོ་ལྔ་བརྒལ་མ་ཐག་སོ་སོའི་མི་ཚེར་གདམ་ག་རྩོམ་པའི་ཆོ་ག་སྤེལ་བ་རེད།ལོ་དེའི་ཟླ་བཅུ་བའི་ཚེས་བདུན་གྱི་སྔ་དྲོ་ནི་ངེད་ཚང་གི་ཁྱིམ་མི་ལྷན་འཛོམས་ཀྱི་དུས་བཟང་སྟེ།ཡུལ་ཕྱོགས་གཞན་དུ་བསླབ་པ་དོན་གཉེར་དང་འཚོ་བའི་འདུ་འགོད་ལ་བྲེལ་བའི་གཅེན་པོ་རྣམས་ཀྱང་དུས་ཐོག་ཏུ་འབྱོར།ཉིན་དེར་མཐའ་ཀླས་པའི་ནམ་མཁའི་རྩྭ་ཐང་གི་མཐོངས་སུ་སྤྲིན་པ་རེ་གཉིས་ལུ་གུ་ཇི་བཞིན་ཕར་འགྲོ་ཚུར་འོང་བྱེད་ཀྱི་འདུག་ཅིང་། སེར་ལམ་ལམ་གྱི་ཉི་འོད་ཀྱང་ངེད་ཚང་གི་ཁང་བའི་མདའ་ཡབ་ལ་ཕོག་ནས་འཛུམ་དམུལ་དམུལ་བྱེད།མཆོད་ཁང་ནང་དུ་ཤུག་དྲི་ཞིམ་པོ་ཞིག་ཡོངས་སུ་ཁྱབ་པ་དང་བསྟུན། མཆོད་སྟེགས་སུ་བཤམས་པའི་སངས་རྒྱས་ཀྱི་འདྲ་སྐུའི་མདུན་དུ་མར་མེ་ཚེ་འབར་གྱི་མེ་ལྕེ་དལ་གྱིས་གཡོ་ཞིང་། གཡས་ཕྱོགས་སུ་ལྟེབ་ཆགས་བྱས་པའི་ཆོས་གོས་སེར་པོ་ཞིག་དང་དཔེ་རས་ལྗང་གུ་ཅན་གྱི་གླེགས་བམ་མཐུག་པོ་ཞིག ད་དུང་ལུང་ཐག་མེད་པའི་གཟི་མིག་དགུ་བ་བཅས་ཀྱང་རིམ་པ་ལྟར་བསྒྲིགས་འདུགགཅེན་པོ་རྣམས་ལོ་གྲངས་ཀྱི་གོ་རིམ་ལྟར་མཆོད་ཁང་གི་གྲལ་གདན་ལ་བཀོད་རྗེས། ཨ་མ་ལགས་ཀྱིས་ང་རང་ཁོང་ཚོའི་དཀྱིལ་དུ་སྡོད་བཅུག་སྟེ་འཇམ་དུང་དུང་ངང་ནས་སྙིང་ཉེ་བའི་གཅེས་ཕྲུག་ཚོ། དེ་རིང་ནི་ངེད་ཀྱི་གཞིས་ཀ་ཆུང་ཆུང་འདིའི་ཆེས་གལ་ཆེན་གྱི་ཉིན་མོ་དང་།  ལྷག་པར་གཅེས་ཕྲུག་ཐ་ཆུང་འདིའི་མི་ཚེའི་ནང་གི་རྩ་འགང་ཆེ་བའི་ཉིན་མོ་རེད། ཨ་མ་ངས་ཁྱོད་ཚོ་བུ་ཕྲུག་རེ་རེ་འཇིག་རྟེན་འདིར་བདེ་ཐང་གིས་སྐྱེས་པར་འབད་བརྩོན་བརྒྱབ་ཅིང་། སླར་ཡང་བདེ་ཐང་གིས་འཚར་ལོངས་འབྱུང་བར་རེ་སྨོན་བྱེད་ཀྱི་ཡོད། དེ་བཞིན། གཅེས་ཕྲུག་ཐ་ཆུང་ཁྱོད་ཉིད་འཇིག་རྟེན་དུ་འབྱོར་བའི་དུས་ནས་ཉིན་མོ་འདིར་བསྒུགས་ཏེ་ཏག་ཏག་མི་ལོ་བཅོ་ལྔ་རྫོགས་སོང་། གློ་བུར་འདས་ཟིན་པའི་མི་ལོ་དེ་དག་རིང་།ང་དང་ཁྱོད་ཀྱི་གཅེན་པོ་ཚོས་ཁྱོད་རང་བུ་ཆུང་ཡ་རབས་ཤིག་ཡིན་པར་སེམས་གཏིང་ནས་ཡི་རང་འཆོར་གྱི་ཡོད་པ་མ་ཟད། ཁྱོད་ཀྱིས་མ་འོངས་པར་གདམ་སྒྲིག་ཡིད་ཚིམ་པ་བྱ་བར་ཡང་ཡིད་ཆེས་བྱེད་ཀྱི་ཡོད།མི་ཚེ་ནི་གདམ་གས་བཏོད་པའི་བགྲོད་ལམ་ཞིག་རེད། ཁྱོད་ཀྱིས་དང་ཐོག་བདམས་པའི་ལམ་ཕྱོགས་ཡང་དག་པར་འགྱུར་ཚེ། མི་ཚེའི་ནང་རང་སེམས་མགུ་བའི་དོན་སྙིང་དང་འཕྲད་སྲིད་ཅིང་། ཚེ་སྲོག་གི་དབུགས་རྒྱུན་རེ་རེ་ཡང་གཟི་བརྗིད་ཀྱིས་ལྷེམ་ཆོག་པ་རེད། གལ་ཏེ་ཁྱོད་ཀྱིས་དང་ཐོག་བདམས་པའི་ལམ་སྣེར་ནོར་བ་བྱུང་ཚེ། ཁྱོད་ཀྱི་མི་ཚེ་ཧྲིལ་བོ་སྐྱ་ཐང་ཐང་གི་བྱེ་ཐང་དུ་མི་འགྱུར་བའི་ངེས་པ་མེད།དེ་བས། ད་ནི་ཁྱོད་ཀྱིས་མི་ཚེ་གཅིག་གི་ལམ་གྱི་དབུ་ཁྱུད་འབྲི་དགོས་པ་རེད། ཁྱོད་ཀྱི་གཅེན་པོ་ཚོས་ཀྱང་སོ་སོ་ལོ་གྲངས་བཅོ་ལྔར་ལོན་འཕྲལ་རང་རང་ལ་འོས་པའི་ལམ་བུ་བདམས་ཏེ་ད་ལྟ་མདུན་ཕྱོགས་སུ་རྩེ་གཅིག་གིས་གཞོལ་གྱི་ཡོད་པ་རེད། ཁྱོད་ཀྱི་བསམ་པར་འབྱུང་འགྱུར་ལ་བསམ་བློ་གཏང་བར་ད་དུང་སྔ་དྲགས་པའི་ཚོར་བ་སྟེར་ངེས་མོད། མིག་རྡེབ་ཡུན་ཙམ་གྱིས་ཁྱོད་རང་ལང་ཚོ་རྒྱས་པའི་ཕོ་གཞོན་དུ་འགྱུར་ཞིང་། ཡང་མིག་རྡེབ་ཡུན་ཙམ་གྱིས་ཁྱོད་རང་ཤ་དར་ཁྲག་དར་གྱི་དར་མར་འགྱུར་ལ། དེ་ནས་མིག་རྡེབ་ཡུན་ཙམ་གྱིས་ཁྱོད་རང་ལུས་ཁམས་རྒུད་པའི་རྒན་པར་འགྱུར་གྱི་རེད། དེའི་དབང་གིས། རྟག་བརྟན་གྱི་དུས་ཚོད་ཅིག་ཡོད་པ་མ་རེད་ལ།  རྟག་བརྟན་གྱི་འཚོ་བ་ཞིག་ཀྱང་ཡོད་པ་མ་རེད། དུས་ཀྱི་འགྱུར་ལྡོག་རེ་རེ་ནི་ཁྱོད་རང་ནར་སོན་པའི་རྟགས་མཚན་དང་ཁྱོད་ཀྱི་གཤིས་སྤྱོད་ལ་ཤུགས་རྐྱེན་ཐེབས་པའི་བརྡ་དོན་ཡིན་ཞིང་། འགུལ་སྐྱོད་རང་བཞིན་གྱི་དུས་ཚོད་ཀློང་ཁྱོད་ཀྱི་མི་ཚེའི་ལྟ་ཚུལ་དང་རིན་ཐང་ངོས་འཛིན་ཡང་ཐ་དད་པར་འགྲོ་སྲིད་ཀྱང་། ཁྱོད་ཀྱིས་ངེས་པར་དུ་དུས་ཚོད་ལ་འགྲན་བཙུགས་ཏེ་མདུན་དུ་བསྐྱོད་འོས། ལྷག་པར་དུས་ཚོད་ཀྱི་སྔུན་དུ་བུད་དེ་གདམ་ག་བྱ་འོས། རང་ཉིད་ཀྱི་མི་ཚེ་ཇི་ལྟར་འགྱུར་མིན་གྱི་གདམ་ག་ནི་ཁྱོད་རང་གི་ལག་ཏུ་ཡོད་པ་དང་། གདམ་ག་དེ་ཉིད་ལེགས་འགྲུབ་འབྱུང་མིན་ཡང་ཁྱོད་ཉིད་ཀྱི་རང་གཅུན་དང་རྒྱུན་སྐྱོང་ཐུབ་མིན་ལ་རག་ལས་པ་རེད། དེར་བརྟེན། ཁྱོད་ཀྱིས་རྨི་ལམ་ལྟ་བུའི་ཟང་ཟིང་གི་འཁོར་བ་བློས་བཏང་ནས་མྱ་ངན་ལས་འདས་པའི་ཐར་བ་འཐོབ་ཆེད་ངེས་པ་དོན་གྱི་རབ་བྱུང་དགེ་འདུན་པ་ཞིག་གམ། མིའི་རིགས་ཀྱི་གཉུག་མར་ཆགས་པའི་སྲེད་པ་དང་རང་དབང་ཉམས་སུ་བླངས་ནས་སྲིད་པའི་འཇུག་ལྡོག་ལ་དཔྱོད་པའི་རིགས་ཤེས་མངའ་བའི་ཤེས་ཡོན་པའམ། ཡང་ན། འཚོ་ཚིས་དོན་གཉེར་གཙོར་འཛིན་གྱིས་གཞིས་ཀ་འདིའི་ཕྱི་རབས་བསྐྱང་བར་འཇུག་པའི་ཡུལ་མི་ཕལ་བ་ཞིག་བྱ། དེ་ཡང་ཕུགས་འདུན་ཕྲ་རགས་ཀྱིས་མ་འོངས་པའི་བྱ་གཞག་གི་ལྕི་ཡང་གཞལ་བ་དང་། ཕུགས་འདུན་ནི་གདམ་ག་ལས་འགོ་རྩོམ་དགོས་ཕྱིར། ཁྱོད་ཀྱིས་འབྱུང་འགྱུར་ལ་ཕུགས་འདུན་ག་རེ་འཆང་མིན་ནི་ད་ལྟའི་གདམ་ག་ལ་བལྟ།གང་ལྟར། ཨ་མ་ངའི་མཐའ་མཇུག་གི་རེ་བ་ཉག་གཅིག་ནི། ཁྱོད་ཀྱིས་མི་ཚེ་འདིར་མེ་ཏོག་དང་ཚེར་མའི་ལམ་བུ་གང་དག་གདམས་ཀྱང་རུང་སྟེ། དུས་ནམ་ཞིག་རང་ཉིད་འཆི་བའི་སྒོ་དྲུང་དུ་འཐོན་ཁར་འགྱོད་གདུང་མེད་པའི་ལས་དང་། སྤྱི་སྒེར་གཞན་ལ་ཕན་མ་ཐོགས་ཀྱང་གནོད་མི་སྐྱེལ་བ་ཞིག་བྱ་དགོས་ཞེས་བརྗོད།

   ཨ་མ་ལགས་ཀྱིས་བརྩེ་བ་དང་བདེན་པས་ཕྱུག་པའི་གཏམ་གང་ཉིད་ཡོངས་སུ་བཤད་ཚར་རྗེས། གཅེན་པོ་ཚོས་ཀྱང་མིག་ཟུང་ང་ལ་གཏད་དེ་མགོ་ལྕོག་ལྡེམ་གྱི་འདུག ངས་ཡུན་རིང་བསམ་བློ་བཏང་བའི་འབྲས་བུར་ད་ནི་དངོས་སུ་ཐག་གཅོད་བྱ་རན་ལ་བསླེབས་པ་གསལ་བོ་ཤེས་པས། དལ་གྱིས་ཡར་འགྲེང་སྟེ་ཨ་མ་ལགས་དང་གཅེན་པོ་རྣམ་པར་གུས་འདུད་ཐེངས་གཅིག་ཞུས་ཐོག མཆོད་སྟེགས་ཀྱི་གཡས་སུ་གཤམ་པའི་གསུང་རབ་ཀྱི་གླེགས་བམ་མཐུག་པོ་དེ་ཉིད་ལག་ཏུ་བླངས།དུས་དེ་ཙ་ན། ཨ་མ་ལགས་དང་གཅེན་པོ་རྣམས་ཀྱི་ཐལ་མོ་རྡེབ་སྒྲས་རེ་ཞིག་མཆོད་ཁང་ཧྲིལ་བོ་འདུ་ལོང་གིས་ཁྱབ་ཅིང་། གྱང་ངོས་སུ་བཀལ་བའི་ཐང་གའི་ལྷ་ཚོགས་རྣམས་ཀྱང་འགུལ་ཙམ་བྱེད་པའི་རྣམ་པ་ཤར། དེ་ནས་ཁོང་ཅག་གིས་ངའི་དཔྲལ་བར་འོ་འཇམ་པོ་རེ་རེ་བྱས་མཐར། ངས་གླེགས་བམ་གང་ཉིད་ཀྱི་དཔེ་ཐག་ག་ལེར་བཀྲོལ་ནས་དབུ་ལྡེབ་དང་པོར་མཇལ་བའི་ཚེ། མིག་ལམ་དུ་འོད་ཀྲིག་ཀྲིག་མངོན་འོང་བ་ནི། རིགས་ཀྱི་བུ། ཐོས་པ་དང་ལྡན་ན་ཤེས་རབ་འབྱུང་བར་འགྱུར་རོ། ། ཤེས་རབ་དང་ལྡན་ན་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་རོ། ། ཉོན་མོངས་པ་མེད་པ་ལ་བདུད་ཀྱིས་གླགས་མི་རྙེད་དོ། །……ཞེས་སོ། །

    དེ་དག་ཐམས་ཅད་ནི་འདས་ཟིན་པའི་དྲན་པ་ཁོ་ན་རེད། འདས་པའི་ཆར་ཨ་མ་ལགས་ཀྱིས་བསླབ་བྱ་གནང་བ་ནི་དེ་རིང་ཞོགས་པར་བྱུང་བའི་གནས་ཚུལ་ཞིག་དང་ཤིན་ཏུ་འདྲ་མོད། དུས་འདི་ཉིད་དུ་ང་ལ་རྣམ་པར་དབང་བ་ནི་ད་ལྟ་བ་འབའ་ཞིག་སྟེ།  བླ་ན་མེད་པའི་ད་ལྟའི་ཚེ་སྲོག་གི་དབུགས་རྒྱུན་ནང་། སྔར་བདམས་པའི་གཞུང་ལམ་རིང་མོ་ཇི་ལྟར་རྒྱུན་སྐྱོང་དང་མངོན་གྱུར་ལེགས་པོ་བྱ་བ་འབའ་ཞིག་མིན་གྲང་།ད་ཆ་གར་འོང་མི་ཤེས་པའི་བསིལ་རླུང་ཐེངས་གཅིག་གཡུགས་ཏེ་ངའི་འགྲམ་པར་རྡེག་ཙམ་བྱས་པས། ངས་ད་ཅིར་བཀླགས་མ་ཐག་པའི་ཕི་ལ་ཐིའི (Plato)གསུང་རྩོམ(སོ་ཁུ་ར་ཐེའི་འཆི་བ) ( The Last Days of Socrates) ཞེས་པའི་དཔེ་དེབ་ཀྱི་ཁ་བསུམས་ནས།  སྡོད་ཤག་གི་སྒེའུ་ཁུང་བརྒྱུད་དེ་ཕྱི་རོལ་དུ་ཕྱོགས་པ་ན། སློབ་གྲྭའི་ར་སྐོར་གྱི་བར་མཚམས་ཀུན་ཏུ་ཀྲོང་ངེར་སྐྱེས་པའི་སྡོང་བོ་འགའ་ཞིག་གི་ཡལ་གའི་སྟེང་། བྱིའུ་ཆུང་མང་པོས་སྐད་ཅོར་སྣ་ཚོགས་སྒྲོག་པའི་སྒྲ་དབྱངས་ཐོས་ཐུབ་ཅིང་། ཕར་བལྟས་ཚེ་ཁོ་ཚོས་ཀྱང་ཨ་མ་དང་གཅེན་གཅུང་ཚོའི་མདུན་དུ་སོ་སོའི་འབྱུང་འགྱུར་གདམ་ག་བྱེད་ཀྱི་ཡོད་པ་དང་མཚུངས། དེ་ལྟ་ན་ཡང་། གཅེས་པར་འོས་པའི་བྱིའུ་ཆུང་ཀན་རྣམས་སྡོང་བོ་དང་གཞི་ནས་ཁ་བྲལ་རྗེས། དོན་ངོ་མར་སྟོང་བའི་མཁའ་དབྱིངས་གང་དུ་འཕུར་སྐྱོད་བྱ་རྩིས་ཡོད་དམ། །


  • ལེ་ཚན་སྔོན་མ།:ན་གཞོན་དང་ལམ།
  • ལེ་ཚན་རྗེས་མ།:རི་གྲོང་གི་མི་དང་ཁྱི།