ཟ་མ་མོ། (ལྷོ་ནུབ) 2017-09-04
འབྲི་མོ་གཡང་ཕྱུག་མའི་ངུར་སྒྲའི་བརྩེ་འབོད་ཀྱི་ཁྲོད་དུ། ང་དང་བེའུ་གཡང་པེ་ཡི་ཚེ་སྲོག་གི་གོམ་ཆུང་འཁྱར་འཁྱོར་དེ། རྩྭ་ཐང་དང་རི་ལུང་གི་ཐིག་ལེ་འདིར་མེ་ཏོག་གི་མྱུ་གུ་བཞིན་དུ་ཤུལ་ལམ་རི་མོ་ཞིག་བྲིས་ཡོང་དུས། འབྲོག་སྡེའི་འཚོ་བ་འདི་དང་བུ་མོ་ང་རང་གི་བར། དྭངས་གསལ་དང་མཛའ་བརྩེ། དགའ་བ་དང་མཛེས་སྡུག་གི་འབྲེལ་བ་དམིགས་གསལ་གྱི་ཟབ་མོ་ཞིག་ཆགས་ཡོད་ལ། ནམ་རྒྱུན་འབྲོག་སྡེ་ཞེས་པའི་མིང་ཙམ་ལས་ཀྱང་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་རྣོན་པོ་ཞིག་གིས་བུ་མོ་ངའི་ཕུང་གྲུབ་ཀྱི་ལུས་པོ་འདི་བདེ་སྐྱིད་ཀྱི་ཞིང་ལ་བསྐྱལ་འགྲོ། དེ་ནི་མཛེས་སྡུག་གི་ཕ་ས་ཕ་ཡུལ་ཡིན་པའི་རྐྱེན་ཡང་ཡིན་སྲིད། ཡིན་ཡང་། ད་ཆ་ངས་ང་རང་སྙིང་ཉེ་བའི་འབྲོག་སྡེ་འདི་དང་འབྲོག་སྡེའི་རི་གྲོང་གི་ངོ་མདོག་འགྱུར་བཞིན་པ་ཚོར་བྱུང་། འབྲོག་སྡེའི་རི་གྲོང་འདི་ནི། མཛའ་མཐུན་གྱི་མི་ཡི་རི་གྲོང་ཞིག་ལས་ཉམ་ཐག་གི་ཁྱི་ཡི་རི་གྲོང་ཞིག་ཏུ་འཁྲུལ། ནམ་རྒྱུན་འབྲོག་སྡེའི་རི་གྲོང་འདིའི་སྲང་ལམ་དང་ཚོགས་ར་དག་ན་མི་ཡི་དཀྱིལ་འཁོར་འོ་མ་འཁྱིལ་འཁྱིལ་ཡིན་ནའང་། མར་དང་དར་ར། ཡང་ཕྱིར་ཁུ་དག་སོ་སོར་འབྱེད་དུས། དགོས་ཡོད་ཀྱི་མར་ནི་དེ་ཙམ་དུ་ཉུང་ལ། དགོས་མེད་ཀྱི་དར་ཁུ་ནི་དེ་ཙམ་གྱིས་མང་། འདི་ནི་འཇིག་རྟེན་འཚོ་བ་རེད། ནམ་ཡང་དབྱེར་མེད་ཀྱི་བཟང་ངན་དང་རེས་མོས་ཀྱི་སྐྱིད་སྡུག་ཁྲོད། མཛེས་སྡུག་གི་ཕྱོགས་ནི་དེ་འདྲའི་དཀོན་པོ་ཞིག་རེད་འདུག ནམ་རྒྱུན་ཡིན་ན་དགུང་གི་ཉི་མ་ཚེ་རིང་ཁ་དྲོ་དེས། གྲིབ་ཡོལ་གྱི་བདག་མོ་སྲིབ་ཁུག་ནས་དགའ་བའི་ལག་པས་འཁྲིད་ཡོང་དུས། སྡེ་བའི་གཞོན་དར་གྱི་ཕོ་རྒོད་ཚོ་ཟང་ཟིང་གི་རི་གྲོང་ནས་རང་རང་གི་འབྲོག་སའི་སྦྲ་ཁྱིམ་གྲུ་བཞི་དེར། ནོར་ནག་བཞིན་ཀྱག་ཀྱོག་ཏུ་འཐེན་པའི་གཤོང་ལམ་དེ་ནས་གཤར་འགྲོ་བ་རེད། ངས་སྔོན་ཞིག་ལ། དེ་ནི་རང་སོ་སོའི་སྒོ་རའི་ཕྱུགས་ཟོག་གཡང་ལྷ་དག་སྲུང་བར་ཆས་པ་རེད་འདོད་མོད། ཞིབ་ཏུ་བསམ་ན་དེ་ནི་དེ་ཙམ་དུ་མ་ཟད། གལ་ཆེ་བ་ནི་འབྲོག་སྡེའི་རི་ལུང་འདི་སྲུང་བར་ཆས་པ་རེད་འདུག རི་བོ་གངས་དཀར་གྱི་གངས་ནས་འཁྲུངས་པའི་ཁ་བ་ལྟ་བུ། གདོང་དམར་གྱི་ཡབ་མེས་ནས་བརྒྱུད་ཡོང་བའི་འབྲོག་པའི་དཔུང་ཚོགས་ཀྱི་རི་ལུང་འདི་སྲུང་བ་རེད་འདུག རི་ལུང་འདི་ན་མ་གཞི་འབྲོག་པའི་ཡོད་ཚད་བསྙལ་འདུག གོ་ཁ་གྲུ་བཞིའི་ཐབ་ཚང་ལ་ཆགས་པའི་ཕུ་ནུ་མིང་སྲིང་ཚོ། ལྷས་ར་གོར་མོའི་གཡང་ལ་ཆགས་པའི་སྒོ་ཕྱུགས། རི་ལུང་ན་ཆགས་པའི་འཚོ་བ། འཚོ་བའི་རི་ལུང་གི་ལྟེབ་ཁུག་རེ་རེས་མི་ཡི་སྡེ་ཁོག་ཅིག་གི་རྩམ་དྲི་དང་མར་དྲི། གོམས་གཤིས་དང་རིག་གནས། བསམ་འདུན། འཚོ་བ་ཞིག་གི་དབུགས་རྒྱུན་བཅངས་འདུག ཞིབ་ཏུ་བསམ་ན་དེ་དུས་འབྲོག་སྡེའི་འཚོ་བ་ནི་ནང་གྲུ་བཞི་ཤོ་འདྲ་འདྲ་དང་ཕྱི་གོར་གོར་ཟླ་འདྲ་འདྲ་རེད་འདུག ལྟོ་བ་བྲང་ལ་འབྱར་བའི་རི་གྲོང་གི་འཁྱམས་པོ་དག་གིས་ཡུལ་གྱར་གྱི་ཟུག་ངུ་དང་སྨྲེ་ངག་ཤུར་རེས། འབྲོག་སྡེའི་རི་གྲོང་གི་མཚན་མོའི་ལྷིང་འཇགས་དཀྲོགས་ལ་ངའི་རྨི་ལམ་གྱི་རྨུ་ཐག་གི་སྣེ་མོའང་བཅད་སོང་། ང་ནི་འུག་པ་བཞིན་དུ་སྨག་ནག་པའི་མཚན་མོར་མིག་རིལ་རིལ་དང་སེམས་འཁྲུལ་འཁྲུལ་གྱིས་རྒྱུ། ངས་བསམ་ན་ང་རང་གཅིག་པུ་མ་ཡིན་པར། རི་གྲོང་འདིའི་གཞོན་དར་མང་པོ་ཞིག་གིས་ཀྱང་བླ་འཁྱམ་འཁྱམ་དུ། མཚན་མོ་དག་མཚན་མོ་བཞིན་བསྐྱལ་མི་ཐུབ་པ་ཁོ་ཐག་ཡིན། སྒོ་ཕྱུགས་ཀྱི་ལྷས་ར་གཏོར་ཏེ་གཡང་ཟོག་དག་བཤས་རར་དེད་ནས། གྲུ་བཞི་ཡི་ཐབ་ཚང་བཤིགས་ཏེ་དུས་རབས་ཀྱི་རྗེས་ལ་འབྲངས་དུས། བདག་པོ་དང་སྒོ་ཁྱི་གཉིས་རི་གྲོང་འདི་ལ་ཐོན་བྱུང་། བདག་པོས་སྒོ་ཕྱུགས་ཀྱི་བདག་པོ་དོར་ནས་རི་གྲོང་འདིའི་འཁོར་ཁང་དང་རྒྱ་ལམ་དུ་གཡུགས་དུས།འབྲོག་སྡེའི་རི་གྲོང་འདིའི་ཉིན་དཀར་ནག་གང་ཡིན་རུང་། བདག་པོ་དང་སྒོ་ཁྱི་ལ་མང་ཉུང་མེད། ཡང་ཅིག་བཤད་ན་བདག་པོ་དང་སྒོ་ཁྱིའི་འབྲེལ་བ་ཡང་སྔ་མོ་ནས་ཆད་སོང་བ་རེད། བདག་པོ་ནི་རི་གྲོང་འདིའི་སྲང་ལ་ཉུལ་བའི་མི་ལྡོམ་དུ་གྱུར་ལ་སྒོ་ཁྱི་ནི་རི་གྲོང་འདིའི་གྲོང་ལ་ཉུལ་བའི་ཁྱི་ལྡོམ་དུ་གྱུར་སོང་། དོན་དུ་མི་ལྡོམ་དང་ཁྱི་ལྡོམ་གྱི་དབྱེ་བ་ནི། ཕྱི་ན་ཟས་ཀྱི་མུ་གེ་དང་ནང་ན་བསམ་པའི་མུ་གེའོ། ལོ་འདི་དག་ལ་ས་ཆ་ཁ་ཤས་སུ་སྤྱི་ཚོགས་ཀྱི་མི་སྒེར་དང་ཡང་ན་རང་འགུལ་གྱིས་བཙུགས་པའི་ཚོགས་པ་འགའ་རེས་རང་ནུས་གྱིས། རི་གྲོང་གི་ཁྱི་ལྡོམ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ། ལྟོ་ཆས་བླུད་པ་དང་བདག་གཉེར་བྱེད་བཞིན་འདུག ལོ་རེ་རེར་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པའི་ལྡོམ་པོ་དེ་ཚོས་དྲིན་ཆེན་ཁོང་ཚོ་ལ་དཀའ་ཁག་དང་འུ་ཐུག་གཏད་ཡོང་། ཇི་ལྟར་མི་བདག་བདག་ཏུ་རེ། བདག་པོ་སྒོ་ཁྱིར་འདོན་ཟེར་བ་བཞིན། སྔར་ཀྱི་ནོར་གནག་གི་རྩྭ་ས་གཤིན་ས་འདི་ད་ནི་ཤོག་དངུལ་གྱིས་ཉོས་ཏེ་ཁྱི་གསོ་ལྷས་རར་གྱུར། བྱང་སེམས་ཀྱི་ཁོང་ཚོས་སེམས་མེད་ཀྱི་ཁྱི་སྡོམ་དེ་ཚོར་བདག་པོ་རྒྱག་དུས། སེམས་ཡོད་ཀྱི་བསམ་མེད་ཚོ་ལ་བདག་པོ་རྒྱག་མཁན་སུ་འདུག གལ་ཏེ་དངོས་ནས་བདག་པོ་རྒྱག་མཁན་ཞིག་བྱུང་ན། དེ་དུས་འུ་ཚོས་ཀྱང་ལྷས་ར་ནང་གི་ཁྱི་གུ་ཚོ་དང་འདྲ་བར་ལྟོ་ཆས་ལ་རེ་ནས་སྒུག་པ་ཨེ་ཡིན། དེ་དུས་སེམས་མེད་དང་སེམས་ཡོད་ཀྱི་བསམ་མེད་ཚོ་ལ་དབྱེ་བ་ཅི་ཡོད། འུ་ཚོས་ཀྱང་རང་ཡུལ་གྱི་སྡོང་པོ་ལ། མེ་ཏོག་དང་ཡལ་གའི་རྩ་ལག་ཚང་ཚིང་ཞིག་རྒྱས་འདོད་པ་ལོས་ཡིན། དེ་ལྟ་ན་ཕྱོགས་བརྒྱར་བསྲིངས་བའི་རྩ་ལག་དང་ལུད་བཅུད་ཀྱིས་གཏམས་པའི་རྩད་པ་དེ་སྲོག་ཤིང་དུ་གྱུར་བས། ང་ཚོས་སྡོང་བོའི་རྩད་པ་བཅད་དེ། ལྡེམ་ལྕུག་གི་ཡལ་ག་ཕྲན་བུ་ཞིག་ལ་རེ་ལྟོས་བཅངས་པ་ཡིན་ན། དེ་ནི་རེ་ལྟོས་ཀྱི་ཡལ་ག་ཚང་ཚིང་དེ་ས་ཡི་འཇའ་ཚོན་བཞིན་དུ་དུས་ནམ་ཡང་རྒྱས་མི་སྲིད་དོ།།།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10