ན་གཞོན་དང་ལམ།

གངས་མུ་ཏིག (ཀན་ལྷོ)        2017-09-01

   ན་གཞོན་དང་ལམ།
 

   ན་གཞོན་གྱི་དུས་སྐབས་ནི་བློ་སྟོབས་དང་། གསར་གཏོད།  ཕུགས་བསམ་ཀྱིས་ཕྱུག་པའི་མི་ཚེའི་གོ་རིམ་ཞིག་ཡིན་ལ། ན་གཞོན་གྱི་དུས་སྐབས་ནི་ལང་ཚོ་་མེ་ལྟར་འབར་ཞིང་རིག་པ་གློག་ལྟར་མྱུར་བའི་དུས་སྐབས་ཤིག་ཀྱང་ཡིན། ན་གཞོན་ནི་རྒྱལ་ཁབ་དང་མི་རིགས་གང་ལ་མཚོན་ན་ཡང་ཞོགས་པ་བསུ་བའི་སྐྱ་རེངས་ལྟ་བུ་ཡིན་པ་ལྔ་བཞིའི་ལས་འགུལ་སོགས་ཀྱིས་མཚོན་ཐུབ་པ་རེད། རྒྱལ་ཁབ་དང་མི་རིགས་གང་དེའི་དར་རྒུད་ཀྱང་ན་གཞོན་དག་ལ་རག་ལས་པས་ན་གཞོན་ནི་རྒྱལ་ཁབ་དང་མི་རིགས་སུ་དང་གང་ལ་མཚོན་ན་ཡང་རེ་བའི་རྟེན་གཞི་ཉག་གཅིག་གོ མི་ཚེ་ནི་མ་གཞི་ནས་གདམ་ག་མང་པོའི་ཁྲོད་ནས་འཚོ་བ་སྐྱེལ་དགོས་ལ། འུ་ཚོསྐྱེས་པ་ནས་འཆི་བའི་བར་དུ་ལམ་བུ་སྣ་མང་ངེས་པར་དུ་བརྒྱུད་དགོས། ལམ་བུ་སོ་སོ་ན་དཀའ་སྡུག་གི་དཀྱོགས་མཚམས་དང་བར་ཆད་མོད་པ་ཆོས་ཉིད་རེད། དེ་བས་འུ་ཚོར་སྔ་མོ་ནས་ལམ་བུ་རེ་རེར་འཇུག་པའི་དཔའ་གདེང་དང་གྲ་སྒྲིག ཡིད་ཆེས་དང་སྙིང་སྟོབས་མངའ་དགོས།

    ལོ་ཟླ་གཙང་བོ་བཞིན་བརྒྱུགས་པའི་ཤུལ་ན། འུ་ཚོར་གཟི་བརྗིད་དུ་བརྩི་རུང་བའི་མཛད་རྗེས་གཅིག་ཀྱང་མི་འདུག ད་དུང་ཡང་རྩྭ་ཐང་དང་སྦྲ་ནག རི་ཀླུང་དང་ལུག་ཁྱུ་ལ་སེམས་པ་གླན་ནས་རང་ཉིད་ནི་ཆེས་བདེ་སྐྱིད་ལྡན་པའི་མི་རུ་འདོད་པ་ནི་ཅི་འདྲའི་ཡིད་ཕངས་པ་ཤིག་རེད་ཨང་། འཛམ་གླིང་ཤེས་རིག་གི་བང་མཛོད་དུ་འུ་ཚོས་ངོམ་དུ་རུང་བའི་རྐང་རྗེས་ཤིག་དཔར་མ་ཐུབ་པ་ནི་ངོ་ཚ་ཆེན་པོ་ཞིག་མ་ཡིན་ནམ། རྩྭ་སྐྱ་མེ་ལ་ཤོར་འདྲའི་འདས་དོན་ལ་བསམ་གཞིགས་བགྱིས་ཏེ། འཛམ་གླིང་གི་ཚན་རྩལ་འཕེལ་རྒྱས་ཐད་ལ་མིག་གིས་འཚོས་ན།ང་ཚོ་ད་དུང་ཡང་རྨོངས་གཉིད་ཀྱི་སྒྲོག་ལས་མ་གྲོལ་བ་ཤེས་ཐུབ་ལ། ལེ་ལོ་དང་སྒྱིད་ལུག་གི་བུ་མོར་གྲོགས་བསྒྲིགས་ཏེ་གསེར་དང་མཚུངས་པའི་དུས་ཚོད་རེ་རེ་ཆུད་ཟོས་སུ་གཏོང་བཞིན་པ་རྟོགས་འོང་། ད་གཟོད་སྔར་བྱས་ཀྱི་ལས་ལ་འགྱོད་གདུང་གི་སྤྲིན་ནག་འཁྲིགས་ཤིང་རང་ཉིད་ལ་འགྲམ་ལྕག་ལྟ་བུའི་ཚ་འདྲི་བྱས་པ་ཡིན།

    ལང་ཚོ་ནི་ན་གཞོན་གྱི་འབྱོར་བ་ཡིན་ལ། སྨྲ་བསམ་སྒྲུབ་ཕོད་ནི་ན་གཞོན་གྱི་ཡོན་ཏན་ཡིན།གཏོར་བཤིག་དང་དགག་སྒྲུབ་ནི་ན་གཞོན་ཚོའི་རང་གཤིས་ཡིན།སེམས་ཁྲལ་དང་སྐྲག་སྣང། ཐེ་ཚོམ། དོགས་སྣང་གི་ཁྲོད་ན། ན་གཞོན་ཚོ་ཅི་འདྲའི་ཉམས་ཆུང་བ་ལ་ཨང་།ཉམས་ཆུང་ནའང་ན་གཞོན་ཚོས་ཆེན་པོ་ཞིག་ལ་ངོ་དགའ་སྤྲེའུ་ལད་བྱ་མི་སྲིད་ལ། ཆུང་ངུ་ཞིག་ལ་འཕྱ་བའི་མཛུབ་མོ་ཡང་ཀེར་མི་སྲིད། རྒྱུ་མཚན་ནི་ན་གཞོན་ཚོར་རང་ཉིད་ཀྱིས་བདམས་པའི་ལམ་ཡོད་པས་ཡིན། ལམ་ཡོད་པས་ན་གཞོན་ཚོས་རང་ཉིད་ཀྱི་མགོ་བོ་མཐོ་སར་འདེགས་བཞིན་མདུན་དུ་བསྐྱོད་ངེས་ཡིན། སྤོབས་པ་དང་ང་རྒྱལ་ཕྲག་ལ་འཁུར་བའི་ན་གཞོན་ཚོ། ལག་ལེན་ནི་ང་ཚོ་འཕེལ་རྒྱས་འགྲོ་བའི་ཐབས་ལམ་ཉག་ཅིག་ཡིན་པ་མ་ཟད། ལག་ལེན་ནི་བདེན་དོན་ཞིབ་བཤེར་བྱེད་པའི་ཚད་གཞི་ཉག་གཅིག་ཡིན། རང་ཅག་བོད་ཀྱི་རྩོམ་རིག་གསར་བའི་དེད་དཔོན་དུ་འབོད་པའི་སྐུ་ཞབས་རང་གྲོལ་ལགས་ཀྱིས་སྐད་ཆ་འདི་འདྲ་ཞིག་གསུངས་མྱོང་སྟེ། གསར་གཏོད་ཀྱི་སྟོབས་མེད་ན་དྲང་བདེན་ཟེར་བ་མེད་ལ། རྒྱུ་འབྲས་ཟེར་བ་ཡང་སྐྱག་རྫུན་ཡིན་ཟེར་བ་ཅིས་མི་བདེན། འུ་ཚོ་ལམ་གྱི་བཞི་མདོ་རུ་འགྲེང་ནས་ལམ་ཞིག་གདམ་ན་འགྲིག་མིན་ཐེ་ཚོམ་གྱི་འཆིང་བར་ཚུད་དུས། ལམ་གྱི་བཞི་མདོའི་ཁྲ་ཁྲ་རིག་རིག་གིས་བསླུ་བྲིད་ཀྱི་གཡབ་མོ་གནང་དུས། མི་ཁ་ཡི་སྤུ་གྲི་དག་ཕྲག་དོག་གི་རླུང་འཚུབ་ཀྱིས་ང་ཚོའི་བགྲོད་ལམ་འགོག་དུས། འུ་ཚོས་རང་ཉིད་ཁོ་ན་ད་གཟོད་རང་ཉིད་སྐྱོབ་པའི་བྱེད་པོ་ཡིན་པ་ངོས་འཛིན་ཐུབ་དགོས། རང་ཉིད་ལ་རང་གིས་བདམས་པའི་ལམ་བུ་དེ་ནས་ཕྱིར་མི་ལྡོག་པའི་དམ་བཅའ་དང་ཁས་ལེན་བྱ་དགོས། རང་ཉིད་ལ་སྙིང་སྟོབས་ཀྱི་གོ་ཆ་སྤྲོད་དེ་མདུན་སྐྱོད་ཀྱི་སྐུལ་མ་གནང་རྒྱུ་ཤིན་ཏུ་གལ་ཆེའོ།།

     ལམ་གྱི་ཆེད་དུ་འུ་ཚོས་ལམ་མང་པོ་གཏོར་བཤིག་བྱ་དགོས་ལ། ལམ་གྱི་སླད་དུ་འུ་ཚོས་ལམ་མང་པོར་གྱེས་ཕྱག་འབུལ་དགོས། ཐ་ན་ལམ་གྱི་དོད་དུ་རང་གི་གཅེས་སྲོག་ཀྱང་འདོར་ཐུབ་པའི་སྙིང་སྟོབས་ཡོད་དགོས། ང་ཚོའི་མཐོང་ལམ་ན་དབྱིབས་དང་ཆེ་ཆུང་ཇི་སྙེད་ཀྱི་ལམ་བུ་མང་དུ་སྣང་། ལམ་ཡོད་ཚད་ནི་མིས་བསྐྲུན་པ་ཡིན་པས་ལམ་ལ་བསྒྱུར་བཅོས་གཏོང་ཆོག་ཆོག་རེད། ཡིན་ཡང་འུ་ཚོས་གཞན་གྱིས་བསྐྲུན་པའི་ལམ་དུ་གོམ་ཁ་བསྒྱུར་བ་ལས་རང་ཉིད་ཀྱིས་ལམ་གསར་དུ་བསྐྲུན་པའི་སྙིང་སྟོབས་ཤིན་ཏུ་དཀོན། དེ་བས་ན།འུ་ཅག་གི་འཚོ་བ་དང་མི་ཚེ་ཡང་གླུ་བརྒྱ་གདངས་གཅིག་དང་རྟ་བརྒྱ་འགྲོས་གཅིག་གི་རང་བཞིན་དུ་གྱུར་བ་རེད།

    ལམ་ལ་ཆས་དུས་སྒེར་ཚུགས་ཀྱི་བསམ་བློ་ནི་ཆེས་བཟང་བའི་གྲོགས་པོ་ཡིན། དེས་ནམ་ཡང་ཁྱེད་ཉིད་ལ་བསླུ་བྲིད་གཏོང་མི་སྲིད། ན་གཞོན་གྱི་དུས་སྐབས་ནི་བསམ་བློར་སྒེར་ཚུགས་མངའ་བའི་དུས་སྐབས་ཤིག་ཡིན་ཚོད་འདུག  དེ་ཡང《ན་གཞོན་རབ་བྱེད》དུ་སྒེར་ཚུགས་ནི་གཞན་ལ་བརྟེན་པའི་ཚུལ་རྣམས་སྤངས་ཏེ་རང་ཐག་རང་གཅོད་བྱེད་པ་ལ་གོ  

རང་ཅག་བོད་ཀྱི་ཁ་དཔེ་ལ་ཡང་མི་སུམ་ཅུར་བསམ་པ་སུམ་ཅུ། མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ། ཞེས་པ་ལས་སྒེར་ཚུགས་མངོན་ཡོད་ལ། གཞན་ཡང་ང་ཚོ་བོད་མིས་ཕོ་ལོ་བཅོ་ལྔ་ལོན་ན་བློ་ཕ་ལ་མི་འདྲི། མོ་ལོ་བཅོ་ལྔ་ལོན་ན་ཟས་ཨ་མར་མི་སློང་ཟེར། སྐད་ཆ་འདིའི་བསྟན་དོན་གཙོ་བོ་ནི་རང་རྐྱ་འཕེར་བའི་སྒོ་ནས་འཇིག་རྟེན་གྱི་བྱ་གཞག་ཡོད་ཚད་གདོང་གིས་བསུ་དགོས་པ་དེ་རེད། འདི་ལས་འུ་ཚོའི་གཞན་དང་མི་འདྲ་བའི་དཀྱེལ་ཡངས་ལ་སྒམ་ཆེ་བའི་བཙན་པོ་ཚོའི་བློ་གྲོས་དང་གདའ་གདེང་། སྙིང་སྟོབས་དང་ང་རྒྱལ་སོགས་ཝ་ལེར་དྲན་ཡོང་གི ཡང་གཅིག་བཤད་ན། སྒེར་ཚུགས་ཀྱི་མངོན་ཚུལ་གཙོ་བོ་ཡང་དོགས་སློང་དང་བསམ་གཞིག་ལས་ཕྱིར་མངོན་དགོས་པ་འདྲ། ཉིའུ་ཏུན་གྱིས་དོགས་སློང་ལ་བརྟེན་ནས་ཀུན་ལྡན་འཐེན་ཤུགས་གསར་རྟོགས་བྱུང་ལ། ཀྱ་ལི་ལེ་ཡིས་དོགས་སློང་ལ་བརྟེན་ནས་དངོས་གཟུགས་ཀྱི་རང་དབང་ལྷུང་གཟུགས་འགུལ་བསྐྱོད་རྙེད། ཝ་ཐེ་ཡིས་དོགས་སློང་ལ་བརྟེན་ནས་རླངས་སྒུལ་འཕྲུལ་ཆས་གསར་གཏོད་གནང་། ལུའུ་ཞུན་གྱིས་དོགས་སློང་ལ་བརྟེན་ནས་རྩོམ་རིག་གིས་ཀྲུང་གོའི་མིའི་སེམས་བཅོས་པ་རེད། རྗེ་བཙུན་མི་ལ་རས་པས་དོགས་སློང་དང་བསམ་གཞིགས་ལ་བརྟེན་ནས་མཐར་དུག་གསུམ་སྤངས་ཏེ་སངས་རྒྱས་པ་རེད། དེ་བས་འཇིག་རྟེན་གྱི་སྐྱེས་ཆེན་སུ་དང་གང་ལ་མཚོན་ན་ཡང་དོགས་སློང་དང་བསམ་གཞིགས། གསར་གཏོད་སོགས་ཀྱི་སྤོབས་པ་མེད་མཁན་ཤིན་ཏུ་ཉུང་ངེས་སོ།།          

     རིགས་ཞེན་དང་ལ་རྒྱ་རུས་རྐང་ལ་སིམ་པའི་ན་གཞོན་ཚོ། ལམ་ལ་ཆས་ཤིག ལམ་ལ་ཆས་དུས།འུ་ཚོས་ནོར་འཆུགས་མང་དུ་བཟོ་ངེས་ཀྱང་། ན་གཞོན་གྱི་དུས་སྐབས་ནི་ནོར་འཆུགས་བཟོ་བའི་དུས་སྐབས་ཤིག་ཡིན་ལ། ནོར་འཆུགས་དང་ནོར་འཆུགས་བརྒྱ་སྟོང་གི་ཁྲོད་ནས་ད་གཟོད་ངེད་ཅག་ལ་བདེན་པའི་སྐྱ་རེངས་ཤར་ངེས་ཡིན། ལམ་ལ་ཆས་ཁར། སྐབས་ལན་རེར་ཁྱེད་ཀྱི་མཐོང་ལམ་ན་མངོན་པ་ཚེར་མས་ཁེངས་པའི་ལམ་ཡིན་ཡང་སྲིད། ཡང་མཚམས་ལན་རེར་ཁྱོད་ཀྱི་མིག་ལམ་དུ་ཤར་བ་འོད་ཟེར་སྟོང་ལྡན་གྱི་ལམ་ཡིན་ནའང་ཐང་། གང་ལྟར། ཁྱོད་ཉིད་ཀྱི་སེམས་ཁོང་ན་གཟི་བརྗིད་དུ་བརྩི་བའི་ཕུགས་བསམ་དང་བླ་མེད་ཀྱི་འཆར་གཞི་དེ་ཡོད་ན། ཁྱོད་ཉིད་ཀུན་ལས་རྒྱལ་ངེས་ཡིན། མི་ཚེ་ཡི་འགྲུལ་བཞུད་རིང་མོའི་ཁྲོད་དུ། འུ་ཚོ་རང་ཉིད་ཀྱིས་བདམས་པའི་ལམ་དེར་སྐྱོད་དུས། འུ་ཚོས་དཀའ་སྡུག་གི་རྔུལ་ཆུའི་ཐིགས་པ་ལག་པས་འབྱིད་བཞིན། རང་སེམས་ལ་དམ་བཅའ་ལྕགས་ཀྱི་སྙིང་ཕུར་ཤུགས་ཀྱིས་བརྡབས་ཏེ་སྤོབས་པ་དང་དཔའ་གདེང་ཆེན་པོས་གོམ་པ་གང་རེ་གང་རེ་མདུན་དུ་བསྒྱུར་བཞིན་ཡོད། དེ་ནི་འོད་སྟོང་འཕྲོ་བའི་ཕ་ཡུལ་གྱི་སང་ཉིན་གྱི་ཆེད་དུ་ཡིན། ན་གཞོན་ཚོ།ལམ་ནས་ང་ཚོ་དགའ་ནས་བགད་མྱོང་ལ། སྡུག་ནས་ངུས་ཀྱང་མྱོང་། ཡིན་ཡང་ང་ཚོས་ཕམ་ཁ་ཅི་རིགས་ཉམས་མྱོང་དུ་བསྒོམས་ནས། རྒྱལ་ཁ་ཐམས་ཅད་གྲུབ་འབྲས་སུ་འདོད་དེ། རང་ཉིད་ཀྱི་རྨི་ལམ་གྱི་ལྷ་དར་འཐེན་སའི་ཡུལ་དེའི་ཕྱོགས་སུ་འགྲོ་བཞིན་ཡོད། ན་གཞོན་ཚོ། ལམ་ལ་ཆས་ཤིག སྐྱོ་ངལ་རྨ་ཁ་ལག་པས་སྐྱོར་བཞིན། ཤུགས་རིང་ནར་ནར་དང་གོམ་པ་འཁྱར་འཁྱོར་གྱིས་མདུན་དུ་བསྐྱོད་དང་། འུ་ཚོས་འོད་ཟེར་གྱི་དཔལ་འབར་མཁའ་ལ་འདེགས་བཞིན་མཚན་སྨག་གིས་བདས་པའི་གངས་ལྗོངས་ལ་རེ་བའི་འོད་སྣང་འདྲེན་དགོས།།


  • ལེ་ཚན་སྔོན་མ།:ང་ཚོ་ཡར་ཡར་འགྲོ་དུས།ཁ་བ་མར་མར་བབས་བྱུང་།
  • ལེ་ཚན་རྗེས་མ།:གདམ་ག