བྱམས་ལྡན་མ་ལོ།

རྡོ་རྗེ་ལྷ།        2020-06-22

    གོ་ལ་ཟླུམ་པོའི་ཡང་རྩེ་ན། རྫི་གླུ་ཕྲ་མོ་ཞིག་ངག་ལ་གྱེར་བཞིན། ནོར་ནག་གི་རྨིག་རྗེས་དེད་ནས་འཚོ་བའི་བྱམས་ལྡན་གྱི་ཨ་མ། འོད་སྟོང་འབར་བའི་ཤེས་རིག་གི་ལམ་ཁ་རུ་འགྲིམ་མ་མྱོང་བའི་འབྲོག་མོ་རྣལ་མ་ཞིག་ཡིན།

    ཨ་མ་ལགས། ཁྱེད་ནི་བུ་མོ་ང་ལ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་སྟེར་མཁན་ཡིན་པས། བུ་མོ་ངའི་ཡ་ཁོག་གི་སྙིང་ཡིན་ལ། སེམས་ཁོང་གི་རྟེན་ས་ཡིན། ཁྱེད་ནི་ངའི་སེམས་ཁོང་གི་ཤོག་ངོས་ལ་མཛེས་སྡུག་གི་རི་མོ་ཕབ་མཁན་གྱི་པིར་མཁན་དེ་ཡིན། ང་རང་ཁྱེད་ཀྱི་ལྟེ་ཐག་དང་བྲལ་ནས་ངུ་ངག་གི་དབྱངས་རྟ་ཐོག་མ་གྱེར་ས་ནི། ཁྱེད་ཀྱི་དྲོད་འཇམ་གྱི་པང་ཁུག་ཡིན་ལ། དུས་དེ་ནས་བཟུང་བརྩེ་ལྡན་མ་ཁྱེད་ཀྱི་ཕྱག་འོག་ནས་བུ་མོ་ངའི་ཚེ་སྲོག་ལ་མྱུ་གུ་འབུས་ཤིང་། རྣམ་དཔྱོད་ལ་འོད་ཟེར་འཕྲོས། ང་རང་བཅུ་ཕྲག་རིག་པའི་གླིང་ལ་བསྐྱལ་ནས་རང་ཉིད་གཅིག་པུས་ནོར་ནག་གི་རྨིག་རྗེས་དེད་ནས་ངའི་ཕ་ཁྱིམ་སྨུག་པོ་སྟེ། མཐིང་སྨུག་གི་སྦྲ་ནག་སྲུང་བཞིན་བསྡད། མ་ལོ་ལགས། སྦྲ་ནག་གི་ཕུག་དར་ངོས་ན་ༀ་ཡིག་གི་ཆོས་སྒྲ་འུར་འུར་བྱེད་ལ། སྒོ་དར་ངོས་སུ་ཧྲཱི་ཡིག་གི་སྔགས་སྒྲ་དིར་དིར་འདོན་བཞིན་ཡོད་པས། ཁྱེད་གཅིག་པུ་ཡིན་རུང་དངངས་སྐྲག་དགོས་དོན་མེད། ཁྱེད་དང་སྦྲ་ནག་གཉིས་བོད་ཁ་བའི་ལྗོངས་ལ་སྨོན་ལམ་མཉམ་དུ་ཐེབས་ཡོད་པས། སྦྲ་ནག་གིས་ནམ་ཡང་ཁྱེད་ལ་རིམ་གྲོ་སྒྲུབ་བཞིན་ཡོད།

    མ་ལོ་ལགས། ཁྱེད་ཀྱི་ལྷད་མེད་ཀྱི་ལྷག་བསམ་དང་གནག་སྣུམ་གྱི་སྐྲ་ལོ་མཐོང་ན། ངས་སེང་ལྕམ་འབྲུག་མོའི་མཛེས་སྡུག་དང་ལྷག་བསམ་ཚོར་ཐུབ། ང་རང་ཆལ་ཆིལ་དུ་གཡོ་བའི་མཚོ་རླབས་སྟེང་གི་མཚོ་གྲུ་ཞིག་དང་འདྲ་བར་དམིགས་ཡུལ་གཅིག་ལ་གཏད་ནས་ཤེས་རིག་གི་རླབས་ཕྲེང་སྟེང་དུ་སྐྱོད་བཞིན་ཡོད་པ་ནི། ཁྱེད་ཀྱི་ལྷག་བསམ་ལས་ཀྱིས་བསྩལ་བའི་འོད་སྟོང་གི་མདུན་ལམ་ཡིན། ཁྱེད་ཀྱིས་དགུན་གསུམ་གྱི་གྲང་ངར་དང་། དབྱར་གསུམ་གྱི་ཚ་བ་ལ་མགོ་སྒུར་མ་མྱོང་ལ། ལོ་ཟླའི་འཁོར་སྐྱོད་རིང་མོ་དེ་ལ་ཡང་འཇིགས་སྣང་སྐྱེས་མ་མྱོང་།

    མ་ལོ་ལགས། ངས་ཁྱེད་ཀྱིས་བཅོལ་བའི་ལྗིད་ཏིག་ཏིག་གི་འགན་འཁྲི་ཕྲག་པར་ཁུར་ནས། མ་འོངས་པའི་ཁ་ཕྱོགས་ལ་མནོ་བསམ་གཏོང་བཞིན་མདུན་དུ་སྐྱོད་ཀྱིན་ཡོད། ངས་ཁྱེད་ཀྱི་མཛེས་སྡུག་གི་ལང་ཚོ་དེར་ཡང་བསྐྱར་དཀར་དམར་གྱི་འཛུམ་མདངས་བསྐྲུན་ངེས་ཡིན། མ་ལོ་ལགས། ཁྱེད་ཀྱི་ལྷད་མེད་ཀྱི་ལྷག་བསམ་ལ་ངས་མུ་མཐུད་དུ་བསྟོད་ཚིག་གི་མེ་ཏོག་འབུལ་རྒྱུ་ཡིན། བཀའ་དྲིན་ཆེ། གཤིས་བཟང་མ། སྐུ་ཚེ་བརྟན་གྱུར་ཅིག།

  • ལེ་ཚན་སྔོན་མ།:དྲིན་ཆེན་གྱི་ཕ་ལོ།
  • ལེ་ཚན་རྗེས་མ།:ཨ་མའི་བརྩེ་སེམས།