ཨ་མའི་བརྩེ་སེམས།

ཉི་མ་དོན་གྲུབ།        2020-06-22

འཇིག་རྟེན་གྱི་མུན་པ་སེལ་བའི་གསེར་མདོག་གི་ཉི་མ་དེ་མཚམས་སྤྲིན་གྱི་གུར་ཁྱིམ་ནས་ནུབ་རིར་ཆས་ཐེངས་རེར། ངའི་དྲན་གདུང་གི་རི་མོའི་ངོས་སུ་སྦྲ་ནག་གྲུ་བཞིའི་ནང་གི་ཨ་མའི་ལས་དབང་དེ་ཇི་བཞིན་ཤར་བྱུང་། མི་ལོ་གང་མང་ཞིག་གི་འཚོ་བའི་ཁྲོད་དུ་ཁོ་མོས་དགུན་ཁའི་གྲང་ངར་དང་དབྱར་ཁའི་ལྕི་འདམ་ནང་འདར་སིག་སིག་གི་ལུས་པོ་ཕྲ་མོ་དེ་སྐབས་རེར་ཆར་ཆུས་བཀྲུས་ཤིང་ལན་རེར་ཁ་བས་བཀླུབས་སོང་། ཕུགས་བསམ་སྟོང་གི་མདུན་ལྗོངས་ལ་འོད་སྣང་སྟེར་བའི་ལམ་སྟོན་གྱི་སྒྲོན་མེ་ཁྱེད་རང་ཁོ་བོའི་སེམས་སུ་ནམ་ཡང་རྟག་བརྟན་སྒོའི་བཞུགས་ཡོད།

ཨ་མ་ལགས། ཁྱེད་ཀྱིས་ང་ལ་སྦྱིན་པའི་འཚོ་བ་ལ་འོད་ཟེར་སྟོང་གི་རང་མདངས་འཚེར་བཞིན་འདུག ཨ་མ་ལགས། མག་མོག་གི་མཚན་མོའི་རྨི་ལམ་དེའང་རྟ་རྒོད་སྲབ་མེད་བཞིན་མཛེས་སྡུག་གི་རྩྭ་ཐང་བརྒྱུད་ནས་ཁྱེད་ཕྱོགས་སུ་ཤོར་འགྲོ། འདི་ལྟར་བགྲང་བྱ་དུ་མ་ཞིག་གི་དུས་ཚོད་མིག་རྡེབ་དབང་ཙམ་གྱིས་འདས་སོང་།

ཨ་མ་ལགས། ཁྱེད་ཉིད་རྒས་ཀྱིན་འདུག མགོ་རུ་སྐྲ་དཀར་གྱི་མེ་ཏོག་བཞད་ཅིང་། གདོང་ལ་གཉེར་མའི་ཆུ་རིས་བབས་འདུག རབ་དཀར་དུང་གི་ཚེམས་ཕྲེང་ཐོར་ནས་བཅུད་ལྡན་ཟས་ཀྱི་བྲོ་བའང་མྱོང་མ་ནུས། ངའི་ཨ་མ་འདི་ལྟར་རྒས་ཀྱིན་འདུག ནམ་རྒྱུན་ཕྱག་ཟུང་གིས་ཙན་དན་གྱི་ཕྲེང་བ་ཞིག་དང་མ་ཎི་འཁོར་ལོ་ཞིག་རྒྱུན་ཆད་མེད་པར་བསྐོར་འདྲེན་བྱེད་བཞིན་བུ་ཆུང་གི་དོན་དུ་མཆོག་གསུམ་ལྷ་ལ་སྐྱབས་འཇུག་ཞུ་བཞིན་འདུག

ཨ་མ་ལགས། ངའི་ཕྱིར་དྲན་གྱི་རྡོ་རིང་ངོས་སུ་འབྲལ་མེད་ཀྱི་གཟི་བརྗིད་དང་ཡལ་མེད་ཀྱི་བརྩེ་བ་ཟབ་མོ་ཞིག་བཞག་ཡོད་པ་ནི་ཁྱེད་ཀྱི་བརྩེ་སེམས་ཁོ་ན་ཡིན། སྐལ་བ་རྫོགས་ལྡན་གྱི་དུས་འདིར་བདག་ལ་རིག་པའི་སློབ་གླིང་འགྲིམ་པའི་གོ་སྐབས་རེ་བསྩལ་བ་དེའང་ཨ་མའི་དཀའ་སྡུག་གང་མང་ལས་བྱུང་བ་མ་ཡིན་ནམ། འདི་ལྟར་བསམ་ན་སྐྱོ་གདུང་གི་མིག་ཆུས་བདག་གི་སེམས་པ་ཡོངས་སུ་བརླན་འགྲོ།

ཨ་མ་ལགས། བདེ་བར་སྡོད་དང་བུ་ཆུང་ང་རིག་པའི་གྲུ་གཟིངས་ལ་བསྡད་དེ་ཁྱེད་ཕྱོགས་སུ་སླེབས་ཡོང་། ད་དུང་གསེར་དངུལ་སྟོང་ཕྲག་གིས་ཉོ་མི་ཐུབ་པའི་མེས་པོའི་མཛད་རྗེས་རུམ་གང་ཁྱེར་ནས་ཁྱེད་ཕྱོགས་སུ་ཡོང་གིན་ཡོད། ཨ་མ་ལགས་ཀྱི་འཚོ་བར་འགྱུར་ལྡོག་གང་མང་བྱུང་གིན་འདུག་མོད། ཡིན་ནའང་། ཨ་མས་སྦྲ་ནག་གྲུ་བཞི་དང་མཉམ་དུ་བུ་ཆུང་ལ་རེ་སྒུག་བྱས་ནས་མི་ཚེ་རིམ་བཞིན་རྒས་ཀྱིན་འདུག

ཨ་མ་ལགས། ཁྱེད་ཀྱིས་ཁོ་བོར་ཡིད་ཆེས་བྱོས་དང་། ཨ་མ་ཁྱེད་ཀྱི་བཀའ་དྲིན་ནི་ཁོ་བོས་གཏན་ནས་བརྗེད་ཀྱིན་མེད་ལ་གཏན་དུ་གླེང་གིན་ཡོད། ཁྱེད་ཀྱི་བཀའ་དྲིན་ནི་ཁོ་བོས་ནམ་ཡང་མཐའ་གཏུགས་སུ་གཞལ་ངེས་ཡིན་ནོ།།

  • ལེ་ཚན་སྔོན་མ།:བྱམས་ལྡན་མ་ལོ།
  • ལེ་ཚན་རྗེས་མ།:བྱམས་ལྡན་མ་ལོ།