སའི་གོ་ལའི་སེམས་འཕྲིན།

ཨ་ལ་མགོན་པོ་འཚོ།        2017-06-22

     ང་ནི་ནམ་ཡང་མིའི་རིགས་གཙོ་བོ་བྱས་པའི་སྲོག་ཆགས་དང་སྐྱེ་དངོས་མང་པོ་ཞིག་གི་སྡོད་གནས་ཡིན། ས་ཆུ་མེ་རླུང་སོགས་འབྱུང་བ་བཞི་ཡིས་ང་རང་གྲུབ་ཅིང་། དེ་དག་གི་ཆག་སྒོ་ལས་ང་རང་འཇིག་ཀྱང་སྲིད།

མིའི་རིགས་ངའི་ལུས་སྟེང་དུ་འཚོ་སྡོད་བྱས་ཡོད་མོད། འོན་ཀྱང་ཁོ་ཚོས་ངའི་བཀའ་དྲིན་མི་ཤེས་པར་མ་ཟད། ད་དུང་མདའ་གྲི་མདུང་གསུམ་གྱིས་ངའི་ལུས་སྟེང་ལ་འཛེར་ཞིང་རྨ་ཁ་གྲངས་མེད་བཏོད་དེ་ང་ལ་དྲིན་ལན་ལོག་འཇལ་བྱེད། ངས་ཤུགས་ཆེན་པོས་སྡུག་བསྔལ་གྱི་སྨྲེ་ངག་བཏོན་རུང་། སྙིང་རྗེ་སྤུ་ཙམ་ཡང་མེད་པའི་ཁོ་ཚོས་སྔར་བཞིན་ངའི་ལུས་སྟེང་གི་དབང་པོ་རྣམས་བཏོན་ཞིང་། ཟུངས་ཁྲག་གི་ཡུར་ཆུ་རིང་དུ་དྲངས།

ང་ལ་མཁོ་བ་ནི་སྐྱེ་ཁམས་དོ་མཉམ་ཡིན་ལ། ང་ལ་མཁོ་བ་ནི་ཞི་བདེ་དང་ལྷིང་འཇགས་ཡིན། ངས་སྲོག་ཆགས་མིའི་རིགས་འཆམ་མཐུན་ངང་འཚོ་བ་མཐོང་འདོད་པ་ལས། ཁྱོད་ཤི་ང་གསོན་གྱི་འཐབ་ར་ཞིག་ངའི་ལུས་སྟེང་དུ་བཙུགས་ན་ག་ལ་འདོད།

     མིའི་རིགས་ནི་བློ་རིག་ཆེ་ལ་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པས། ལག་པ་རིང་ལ་ལུས་པོར་ལྡེམ་མྱུར་འཁྱུག་པའི་འཕྲལ་ཆས་དག་གིས་ངའི་སྙིང་ཁོངས་ལ་འཛེར་ཚེ། ང་རང་ངོ་མ་བཟོད་ཐབས་བྲལ། སྐབས་དེར། ངའི་མིག་ནང་ནས་མིག་ཆུ་དབང་མེད་ཤོར་ཞིང་སྙིང་དབུས་ན་ཡོད་པའི་ལྷག་བསམ་དེ་ཡང་ཁྲག་གི་རྫིང་བུར་འགྱུར། ངས་འདི་ལྟར་ཧུར་བརྩོན་གྱིས་མིའི་རིགས་ལ་ཞབས་འདེགས་བསྒྲུབས་ན་ཡང་། ང་ལ་ཐོབ་པ་ནི་བཀའ་དྲིན་དང་ཐུགས་རྗེ་ཞུ་བའི་སྙན་ཚིག་ཙམ་ཡང་མ་ཡིན་པར་སྙིང་རྗེ་དང་བྲལ་བའི་མཚོན་ཆ་དེ་དག་རེད།

     སྤྱི་སེམས་དང་བྲལ་བའི་མིའི་རིགས་ཀྱིས་ཐུན་མོང་ལ་དབང་བའི་ཁྱིམ་གཞི་ཆེན་པོ་འདི་སྐྱོ་གདུང་གི་གཞིས་ཀ་ཞིག་ཏུ་བསྒྱུར་བས་མིའི་རིགས་རང་ཉིད་སའི་གོ་ལའི་བདག་པོ་ཡིན་ཟེར་བར་ཁྱོད་ཚོ་ངོ་མི་གནོངས་སམ།

     མིའི་རིགས་ལགས། ཁྱེད་ཅག་ནི་མཐོ་རིམ་སྲོག་ཆགས་ཡིན་ལ། ཁྱེད་ཚོས་བསམ་བློ་ཡག་པོར་གཏོང་ཤེས་ལ་ལག་ཆ་སྣ་ཚོགས་ཀྱང་བཀོལ་ཤེས་པས་སྲོག་ཆགས་གཞན་ལས་ཁྱད་པར་འཕགས་ཀྱང་ནམ་རྒྱུན་སྲོག་ཆགས་གཞན་དག་ལ་གཉའ་གནོན་དང་བརྙས་བཅོས་བྱས་ན་ག་ལ་འགྲིག་སྟེ། ཁྱོད་ཚོ་ཚང་མ་ནི་ངའི་གཞིས་ཀ་ཆེན་པོ་འདིའི་བུ་རྒྱུད་དག་དག་ཡིན། སྲོག་ཆགས་གཞན་དག་ལ་བརྙས་བཅོས་དང་ས་བདག་རྒན་པོ་ང་ལ་གནོད་འཚེ་བྱེད་པ་འདི་ནི་ཁྱེད་ཅག་ནམ་རྒྱུན་གླེང་བར་དགའ་བའི་རྒན་བཀུར་ཆུང་བྱམས་ཀྱི་རྩ་དོན་དང་འགལ་བ་མིན་ནམ།

     ཨ་ཙི། མིའི་རིགས་ཡ། ངས་ཁྱོད་ཚོར་ཞུ་བ་ཞེངས་གཅིག་བྱ། ཁྱོད་ཚོས་སྙིང་རྗེ་དང་བྲལ་བའི་མཚོན་ཆ་རྩུབ་མོ་དེ་བཀོལ་མཚམས་ཞོགས་ལ། ངའི་རྨ་ཁ་འདིར་སྨན་བཅོས་ཤིག་བྱས་ན་ཨེ་ཆོག ཁྱོད་ཚོས་ངའི་ཤ་རུས་འདི་དང་ཟུངས་ཁྲག་འདི། ངའི་མིག་ཆུ་འདི་སྣང་མེད་དུ་མི་འཇོག་པར་ཞུ།

     གལ་ཏེ། ནམ་ཞིག་ལ་ང་རང་ཁྲོས་ཏེ་ས་ཆུ་མེ་རླུང་གི་འབྱུང་བའི་ཆག་སྒོ་བྱུང་ན། ཁྱོད་ཚོས་ངལ་ལེ་བདའ་མ་བྱེད་རོགས།


  • ལེ་ཚན་སྔོན་མ།:བྱམས་ལྡན་ཕ་ལོ།
  • ལེ་ཚན་རྗེས་མ།:ངེད་ཚང་གི་ཨ་ཕ།