གཞི་རིམ་པ། 2017-06-26
ངེད་ཚང་གི་ཁྱིམ་ནས་སློབ་གྲྭའི་བར་དུ་ལེ་དབར་བཅུ་ཙམ་འགྲོ་དགོས་པས། ཞོགས་པ་སྔ་མོ་ནས་ལངས་ཏེ་ལམ་ལ་མ་ཆས་ན། ནངས་སྦྱོང་གི་རྗེས་སུ་ལུས་སྲིད། དེ་བས། ཁྱིམ་དང་སློབ་གྲྭའི་བར་ཐག་ཉེ་བའི་སློབ་གྲོགས་མང་ཤོས་དང་བསྡུར་ན། ང་རང་ནམ་རྒྱུན། དགོང་འཕྱི་འགྱངས་བྱས་ནས་ཡུལ་ལ་ཐོན་ན། ནངས་སྔ་ལངས་བྱས་ནས་སློབ་གྲྭར་འགྲོ་དགོས་པ་ནི་སྨོས་མེད་རེད།
ལོ་རིམ་དང་པོ་ནས་བཞི་པར་འཕར་བའི་བར་དུ། ཞོགས་པ་རེ་རེར། ཨ་ཕས་ང་རང་སློབ་གྲྭར་བསྐྱལ་བ་ཡིན། གྲང་ནས་ཁ་འཁོབ་ལག་འཁོབ་དང་། ཤ་འདར་རུས་འདར་བྱེད་པའི་དགུན་ཁའི་ཞོགས་པ་རེ་རེར། ཨ་ཕ་དང་ངེད་གཉིས་ནམ་མ་ལངས་གོང་ནས་ལམ་ལ་ཆས་དགོས་ཤིང་། དཀར་གསལ་གྱིས་འཚེར་བའི་ལམ་འགྲམ་གྱི་གློག་འོད་འོག་ཏུ། ཨ་ཕས་བདག་གི་དཔེ་ཁུག་ཕྲག་པ་གཡོན་པར་གཟར་ཏེ་སྔོན་ལ་འགྲོ་ཞིང་། ང་རང་ད་དུང་གཉིད་མ་སངས་པར་མིག་ཟུང་ཟམ་ཟིམ་དང་གོམ་པ་འཁྱར་འཁྱོར་ངང་ཁོང་གི་རྗེས་བསྙེགས་ནས་འགྲོ་བ་ནི་དུས་རྒྱུན་གྱི་ཆོས་ཉིད་ཅིག་ཏུ་གྱུར།
རྒྱ་ལམ་དཀྱིལ་དུ། སྟོད་ལྭ་དམར་སེར་གོན་པའི་ཨ་ཅེ་འགའ་རེས། ཕྱགས་མ་རིང་བོ་བཟུང་ནས་རྒྱ་ལམ་འཕྱག་བཞིན་འདུག་ལ། ལམ་འགྲམ་གཡས་གཡོན་གྱི་ལྕང་སྡོང་དང་སྦྱར་སྡོང་གི་འོག་ན། རྒས་ནས་སྐྲ་ལོ་དཀར་ཞིང་འཁོགས་ནས་གཉེར་མ་མང་བའི་ལོ་ལོན་རེ་འགས། རྐང་ལག་གི་བཟོ་ལྟ་སྣ་ཚོགས་སྟོན་བཞིན་ལུས་པོ་སྦྱོང་བརྡར་བྱེད་བཞིན་འདུག
འབྱོར་བ་མི་བཟང་རྒྱུ་མེད་པའི་ཁྱིམ་བདག་མང་ཤོས་ཀྱིས་ཞོགས་པར་བྱིས་པ་རྣམས་ལྕགས་རྟའི་འཕོངས་ལ་བཞག་པའམ། ཡང་ན་རླངས་འཁོར་བཏང་ནས་བྱིས་པ་སློབ་གྲྭར་སྐྱེལ་བཞིན་ཡོད་མོད། བདག་གི་ཨ་ཕས། ང་ནམ་རྒྱུན་རྐང་ཐང་དུ་ཁྲིད་པ་མ་གཏོགས་རླངས་འཁོར་བཏང་ནས་བསྐྱལ་མ་མྱོང་།
མཚམས་ལན་རེར། ངས་ཨ་ཕ་ལ་ལེ་བདའ་བྱས་ནས། ཁྱོད་ང་ལ་འདང་མི་ཆེ་བ་ཁོ་ཐག་རེད། གཞན་གྱི་ཨ་ཕས་རང་གི་བྱིས་པ་ལྕགས་རྟ་དང་རླངས་འཁོར་གྱིས་སློབ་གྲྭར་བསྐྱལ་ནའང་། ཁྱོད་ཀྱིས་ནམ་ཡང་ང་རང་རྐང་ཐང་དུ་ཁྲིད་དོན་ཅི་ཡིན་ནམ་ཞེས་མཆུ་ཏོ་གཅུས་ནས་འགྲོ་དུས། ཨ་ཕའི་གདོང་ལ་འཛུམ་མདངས་མངོན་ཞོར་དང་ལག་པ་གཡས་པས། ངའི་འགྲམ་པ་དང་གཉའ་ལྟག་གང་རུང་ལ་ཤ་གཅུ་ཡང་མོ་རྒྱག་ཞོར། བསོད་ཁོ། ཁྱོད་ཀྱིས་སློབ་སྦྱོང་ལ་འབད་པ་བྱེད་འདོད་དམ་ཞེས་དྲིས་པ་རེད།
ངའི་སེམས་སུ། ངས་མགོ་ཡི་ཞྭ་མོ་བཤད་དུས། ཨ་ཕས་རྐང་གི་ལྷམ་ཀྲད་བཤད་དོན་ཅི་ཡིན་ནམ། སློབ་སྦྱོང་ལ་འབད་མིན་དང་རླངས་འཁོར་གྱིས་སློབ་གྲྭར་བསྐྱལ་མིན་གཉིས་ལ་འབྲེལ་བ་ཅི་ཞིག་ཡོད་དམ་སྙམ་ཞོར། དེ་གཉིས་ནི་འབྲེལ་མིད་དོན་གཞན་རེད། ངས་སློབ་སྦྱོང་ལ་འབད་པ་བྱེད་མི་འདོད་ཅེས་སུས་བཤད་སོང་ཞེས་མ་དགའ་བའི་ཉམས་ཀྱིས་བཤད་པ་ན། ཨ་ཕས། སློབ་སྦྱོང་ལ་འབད་པར་ལུས་ཕུང་བདེ་ཐང་ཡིན་དགོས། ལུས་ཕུང་བདེ་ཐང་ཡོང་བར་ལུས་པོ་འགུལ་སྐྱོད་བྱེད་དགོས་པ་རེད་ཅེས་བཤད་མོད། ང་ད་དུང་ཁོང་ཁྲོ་ལངས་ནས་མཆུ་ཏོ་འཇོང་འཇོང་བྱས་པ་ན། ཨ་ཕ་དགོད་ཞོར་དུ། ང་ཁྱོད་ལ་འདང་མི་ཆེ་བར་སུ་ལ་ཆེ་ཞེས་ཟེར་ནས་ངའི་འགྲམ་པའི་སྟེང་ལ་མཆུ་སྦྱོར་རེ་བྱེད་པ་རེད།
ཡང་སྐབས་རེར། ཨ་ཕས་གདོང་ལ་ཅུང་གཟབ་ནན་གྱི་ཉམས་ཤིག་བཏོད་དེ། འུ་ཚང་གིས་རླངས་འཁོར་སྟབས་བདེ་ཞིག་ཉོས་ཟིན་མོད། ཨ་ཕས་ད་དུང་ཁ་ལོ་བའི་དཔང་ཡིག་བླངས་མིད་པས་གང་འདོད་དུ་རླངས་འཁོར་གཏོང་མི་ཉན། འུ་ཚོས་རང་གི་བདེ་སྐྱིད་ཆུང་ཆུང་ཞིག་གི་ཆེད་དུ། གཞན་གྱི་བདེ་འཇགས་ལ་འགན་མ་ཁུར་ན་ག་ལ་འགྲིག་ཅེས་ཟེར་བ་རེད།
རྗེས་སུ། ང་རང་སློབ་འབྲིང་དང་མཐོ་འབྲིང་། སློབ་གྲྭ་ཆེན་མོ་སོགས་འགྲིམས་ནས་ནར་སོན་པ་ན། ངས་ཨ་ཕའི་སྐད་ཆ་དེ་དག་ནི་ཅི་འདྲའི་བདེན་པ་ཞིག་རེད་ཨང་འདོད་ལ། ངའི་ཨ་ཕ་ལགས་ནི་བསམ་བློ་བཞི་གསུམ་བཅུ་གཉིས་ཐོངས་ཤིང་། བློ་རྩེ་ཉི་ཤུ་རྩ་ལྔ་འཁོར་ཐུབ་པའི་མི་ཞིག་ཡིན་པར་མ་ཟད་རང་གི་བྱིས་པ་ལ་འདང་ཆེ་བའི་ཨ་ཕ་བཟང་པོ་ཞིག་ཡིན་པའང་ཤེས་སོང་།
ད་ལྟའང་། ངས་ཁོང་གིས་བདག་གི་འགྲམ་པའི་སྟེང་ལ་འོ་བྱེད་པ་དང་། གཉའ་ལྟག་ལ་ཤ་གཅུ་ཡང་མོ་རྒྱག་པ། གྲངས་རིག་གི་ལས་བྱ་འབྲི་མི་ཤེས་དུས། རོགས་རམ་དང་མཛུབ་སྟོན། བློ་འབྱེད་བྱས་པ་སོགས་ཡང་ཡང་དྲན་བྱུང་།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10