རྟའུ། ཁྱེད་ནི་ངའི་སྙིང་རྩྭར་འབྲེལ་བའི་མཛུབ་མོ་ཞིག

གཡང་མཚོ།        2020-03-06

   རྟའུ། སེམས་མ་ཕམ། བློ་མ་འགྱོད་དང་། འགལ་རྐྱེན་ནི་མཐུན་རྐྱེན་གྱི་ལམ་བྲོ་ཡིན་ལ་རྐྱེན་ངན་ནི་གྲོགས་དན་དུ་འགྱུར་བའི་སྔོན་འགྲོ་ཡིན། ང་ཚོ་ནི་ཁྱེད་ཀྱི་རྒྱབ་ཀྱི་སྐྱོར་མ་དང་སྔོན་གྱི་འཐེན་ཤུགས་ཡིན། གངས་རི་ར་བས་བསྐོར་བའི་ནང་མི་ཡོངས་ཀྱིས་ཁྱེད་ཀྱི་སྐྱིད་སྡུག་མིག་གིས་འཚོས་ཤིང་། ཁྱེད་ལ་བདེ་ཐང་གི་ལག་ཟུང་བསྐྱངས་ཏེ་བསྔོ་སྨོན་གྱིས་ན་ཟུག་ལས་ཕུད་ཀྱིན་ཡོད་པས། ད་ཐེངས་ཀྱི་ལྐོག་གྱུར་འདྲེ་སྲིན་གཤེད་མ་དེར་ཁྱེད་ཉིད་ཀྱི་ཚེ་སྲོག་མི་སྐུར་ཁོ་ཐག

   འུ་ཅག་ནི་རིགས་རུས་གཅིག་ལས་མཆེད་པའི་སྤུན་ཟླ། ཁུ་ཁྲག་གཅིག་གིས་གྲུབ་པའི་ཕུ་ནུ། ཁྱིམ་སྒོ་གཅིག་ནས་ཆད་པའི་ཆུང་འདྲིས། མཛའ་བརྩེ་ཡི་སེམས་རྩ་ལྷོད་མ་མྱོང་ལ། དད་འདུན་གྱི་རི་མོ་ཡལ་མ་མྱོང་བས། རེ་འདང་གི་སེམས་བསྐྱེད་གཡོལ་ག་ལ་སྲིད།

   རྟའུ་ལགས། རང་ཉིད་ནི་ལས་ངན་དང་ཉེས་ཅན་སོགས་སུ་སེམས་ནས་སྡུག་གཏམ་གྱི་སྨྲེ་ངག་དང་སྐྱོ་སེམས་བསླངས་ནས་ཡིད་མ་ཆད། སེམས་ཤུགས་མ་ཉམས་དང་། ལས་དབང་གཅིག་པའི་ང་ཚོ་ཁྱེད་ཅག་དང་ལྷན་དུ་ཡོད། སྐྱིད་སྡུག་མཉམ་འགྲོགས་ཀྱི་ང་ཚོ་ཁྱེད་ཅག་དང་འབྲལ་མི་སྲིད། རང་ཉིད་ཀྱིས་མི་རིགས་ཀྱི་མགོ་རྣ་བརྫད་སོང་མ་བསམ་དང་།  སྐྱིད་སྡུག་ལེགས་ཉེས་འབྱུང་བ་མགོ་ནག་མི་ཡི་ཆོས་ཉིད་ཡིན། ལྷག་ཏུ་ཁྱེད་ལ་འབྱུང་བའི་བར་ཆད་འདིས་རིགས་ཀྱི་མཐུན་སྒྲིལ་ཇེ་དམ་དང་བརྩེ་སེམས་ཀྱི་དུང་བ་ཇེ་ཟབ། ལྷག་བསམ་གྱི་ཉིང་ཁུ་ཇེ་མང་། སྙིང་རྗེ་ཡི་ཐུགས་བསམ་ཇེ་མོད་དུ་སོང་བས། བར་ཆད་འདིས་བརྩེ་འདང་ལ་སྐུལ་མ། ལྷག་བསམ་རྣམ་དག་ལ་མཆོད་བསྟོད་བྱེད་དགོས་པའི་དྲན་སྐུལ་ཡོད་པས། ང་ཚོས་ཁྱོད་ལ་ལེ་བདའ། འཁང་ར་ཞིག་ག་ལ་སྲིད། རྟའུ། ང་ཚོས་དགུན་གཞུང་གི་ཙག་རླུང་ལ་མེ་དཔུང་གི་ལག་ཟུང་དམ་དུ་སྦྲེལ་ནས་ཐར་དགོས། རིམས་ནད་ཀྱི་འཇབ་རྒོལ་ལ་བློ་རིག་གཅིག་ཏུ་སྒྲིམ། ཐུགས་སེམས་ལྷན་དུ་སྡོང་ཏེ་རྒོལ་དགོས།ང་ཚོ་ནམ་ཡང་ལྷན་དུ་ཡོད། ལྷ་བླ་མའི་ཐུགས་བརྩེ་སྙིང་ལ་ཆོངས། དྲིན་སྨན་པའི་གདམས་ངག་སེམས་ལ་ཉོར། འབངས་མི་ཡི་རེ་བར་ཡིད་ཆེས་ཀྱིས་དང་། ལོ་གསར་བ་ཚེས་ལ་ཉེ། རིམས་ནད་འཇལ་ཡལ་མ་ཡལ་ལ་ཉེ། སང་ནངས་མོ་དཔྱིད་ཟླ་ཚེས་དུས། སླར་ཡང་ང་ཚོ་སྤང་ཐང་གཅིག་གི་པང་ཁུག་ནས་མེ་ཏོག་གི་འཛུམ་བརྒྱ་གྲོལ་ནས་བཞད་ཆོག

    རྟའུ། ཁྱོད་ཀྱི་བདེ་ཐང་ནི་ང་ཚོའི་བདེ་སྐྱིད་ཡིན། ཁྱོད་ཀྱི་ན་ཟུག་ནི་ང་ཚོའི་སྡུག་བསྔལ་ཡིན་པས། ཁྱོད་ཉིད་ཀྱིས་ཅིས་ཀྱང་སེམས་ཤུགས་བསྐྱེད་དགོས། ཁྱོད་ཡོད་ན། ང་ཚོ་ད་གཟོད་མཛུབ་མོ་ལྔ་བཅངས་ཁུ་ཚུར་ཡོང་སྲིད། ཁྱེད་མེད་པ་ནི་ངའི་སྙིང་རྩ་འབྲེལ་བའི་མཛུབ་མོ་ཞིག་མེད་པ་དང་གཅིག་མཚུངས་སྟེ། ཁྱེད་མེད་ན་ང་ཡང་རྩ་མི་ཚང་བའི་དབང་བོ་སྐྱོན་ཅན་དུ་འགྱུར་ངེས། རྟའུ་ལགས། ནད་ལས་གྲོལ་བར་སྨོན། རྟའུ་ལགས་རིམས་ནད་ལས་ཁེ་གྱུར་ཅིག

      


  • ལེ་ཚན་སྔོན་མ།:སེམས་པ་སེམས་པས་གསོས་ནས། འཚོ་བ་དྲོད་ཀྱིས་སྐྱོང་འགྲོ།
  • ལེ་ཚན་རྗེས་མ།:རྟའུ་ལགས། ང་ཚོ་ནམ་ཡང་ཁྱེད་དང་མཉམ་དུ་ཡོད།