སེམས་པ་སེམས་པས་གསོས་ནས། འཚོ་བ་དྲོད་ཀྱིས་སྐྱོང་འགྲོ།

ཐུབ་རྒྱམ།        2020-03-06

   ཐག་རིང་ནས་ཐག་ཉེར་འོང་གིན་པའི་ཚེ་སྲོག་གི་གཤེད་མ། ངའི་ནང་མི་སྤུན་ཟླ་ཚོའི་ལས་དབང་ལ་འཇིགས་སྐུལ་ཡང་ཡང་གནང་བཞིན་པའི་ཏོག་དབྱིབས་ནད་དུག དཀར་མཛེས་ཀྱི་མེ་ལོང་ངོས་སུ་དམར་ཐིག་བྲིས་ནས་རྟའུ་ཡི་ནགས་ཚལ་ཁྲོད་ན་མེ་རོ་གང་ཞིག་འཕངས་བའི་ཉིན་དེ་ནས་བཟུང་། དལ་འབབ་ཀྱི་རྫ་ཆུ་འདིའང་འཁྱག་གིས་བསྡམས་ནས་མི་སེམས་ལ་འཁྱག་སྣང་བགྲང་འདས་ཤིག་གནང་ཡོང་མོད། དེ་དུས་ང་ཚོས་ནུས་པ་ནི་ནང་སེམས་ཀྱི་སྨོན་ལམ་རྣལ་མ་ཞིག་དང་། རྒྱང་རིང་གི་རིགས་མཐུན་སྤུན་ཟླ་ཚོར་སེམས་གསོའི་ཡིག་འབྲི་འགའ་བསྐུར་བཞིན་ཡོད་དེ། འདིའང་དོན་གྱིས་ང་ཚོས་ལག་འཇུ་བྱེད་སྟངས་ཤིག་ཅི་ལ་མིན།

    རྟའུ། ང་དང་སློབ་གླིང་གི་འགྲུལ་བཞུད་བར་ནས་ནམ་ཡང་བརྗེད་མ་མྱོང་བའི་སེམས་ཀྱི་ལོངས་སྤྱོད། ངས་་་་ཁྱེད་ཀྱི་པང་ཁུག་ན་དྲན་པ་རུམ་གང་གཏོར་མྱོང་ལ། ངས་་་་ཁྱེད་ཀྱི་ནགས་ཚལ་ནས་སྙིང་གཏམ་སྒྱེ་གང་བརྫབས་ནས་འགྲོ་མྱོང་བས། ཁྱེད་ཟེར་ན་མཛེས་སྡུག་གི་བསླུ་བྲིད་ཅིག་ཡིན་ལ། ཁྱེད་ཟེར་ན་ངས་ལམ་ནས་རྙེད་ཅིང་སེམས་ནས་བོར་མ་མྱོང་བའི་མིག་གི་ལོངས་སྤྱོད་ཅིག་ཡིན། དེ་རིང་ཁ་སང་། ཁྱེད་ནི་ང་ཚོའི་གསར་འགྱུར་གལ་ཆེན་ཞིག་ཏུ་འགྱུར་ཡོད་ལ། གསར་འགྱུར་འདིའི་ཕྱི་ནང་བར་གསུམ་ན་སེམས་ཁུར་དང་ཤ་ཞེན་གྱིས་ཁེངས་བའི་འུ་ཅག་གི་འདས་མ་ད་གསུམ་ཡོད་མོད། རྒྱུ་མཚན་དེའི་དབང་གིས་ང་ཚོ་རྒྱལ་ངེས་ལ་རྒྱལ་ཡང་དགོས། འཆི་གསོན་གྱི་བར་སྟེང་། རྒྱལ་ཕམ་གྱི་འགྲན་རྩོད། འདུ་བྲལ་གྱི་སྐྱོ་གདུང་། བདེ་སྡུག་གི་འཚོ་བ་སོགས་ནི་ཉི་མའི་འཆར་ནུབ་ལྟ་བུ་ཞིག་ཡིན་པས། ཅི་ནས་ཀྱང་སང་ཉིན་ཟེར་བའི་མཛེས་སྡུག་གི་རྨི་ལམ་ཞིག་ང་ཚོས་མཉམ་དུ་བཞེངས་བསྐྲུན་བྱེད་དགོས་ལ། ཡིད་ཆེས་ཀྱང་ཡོད།

    རྟའུ་ལགས། འདིར་སྐད་ཡིག་གཙང་མའི་འཁྱུག་འགྲོའི་རེ་རེར་སེམས་ཀྱི་ཁ་དོག་དང་སྙིང་གི་སྐད་ཆ་བསྟུམ་ནས། རྒྱང་རིང་གི་ཁྱེད་ལ་ཕུལ་ན། ཁྱེད་རང་ལུས་འཁྱག་སར་ཡོད་རུང་སེམས་དྲོད་ས་ཞིག་ཏུ་སྙེག་ཐུབ་པའི་རེ་བ་བརྒྱ་སྟོང་གི་སྐུལ་མ་ཡང་ཡང་ཞུ་བ་ལགས།

    


  • ལེ་ཚན་སྔོན་མ།:རྟའུ་ལ་སྤྲིངས་པའི་འཕྲིན།
  • ལེ་ཚན་རྗེས་མ།:རྟའུ། ཁྱེད་ནི་ངའི་སྙིང་རྩྭར་འབྲེལ་བའི་མཛུབ་མོ་ཞིག