རྟའུ་ལ་སྤྲིངས་པའི་འཕྲིན།

ཀླུ་ཕྱུག        2020-03-06

   གོ་ལའི་ཡང་རྩེ་ན་གཞིས་སྡོད་བྱས་ཤིང་ཁ་བ་ཚང་གི་རིགས་རྒྱུད་དུ་གཏོགས་པའི་ཆོལ་ཁ་གསུམ་གྱི་ནང་གསེས་མདོ་ཁམས་སྒང་དྲུག་གི་ཡ་གྱལ་མི་ཉག་རབ་སྒང་དང་ཐག་མི་རིང་བའི་ཡུལ་དུ་ཆགས་པའི་རྟའུ་ནི། སུ་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་ཁོང་གཏོགས་ཡིན་ལ། ཡུལ་དེའི་མི་ཡོད་ཚད་ནི་བོད་རིགས་ཤ་སྟག་ཡིན། སྟོད་སྨད་ཚོང་དོན་དང་ཡུལ་སྐོར་འགྲོ་འོང་སོགས། གཞུང་ལམ་གྱི་ཉེ་འགྲམ་ཡིན་རྐྱེན་ཡུལ་དེར་ཏོག་དབྱིབས་ནད་དུག་གི་གློ་ཚད་གསར་བ་འགོས་ཁྱབ་བྱུང་བས་བོད་རིགས་འདུས་སྡོད་ས་ཁུལ་གྱི་ཏོག་དབྱིབས་ནད་དུག་ཅན་གྱི་མི་འབོར་ཅུང་མང་བའི་ས་ཆར་གྱུར།

   ང་ནི་བོད་རིགས་ཤིག་ཡིན་ལ་བོད་རིགས་སློབ་མ་ཞིག་ཡིན། རྟའུ་ན་རང་གི་མཐོ་འབྲིང་དང་སློབ་ཆེན་གྱི་སློབ་གྲོགས་མང་པོ་ཡོད་པས། ངས་ཁོང་ཚོ་དྲན་བཞིན་ཡོད་ལ་ཁོང་ཚོར་སེམས་ཁུར་བྱེད་བཞིན་ཡོད། འོན་ཀྱང་དེ་རིང་གི་ང་ནི་ཤེས་བྱའི་གཤོག་ཟུང་མ་སྨིན་པའི་བྱ་ཚང་གི་བྱ་ཕྲུག་ཅིག་དང་འདྲ་བས། དམངས་སྒོར་འབོར་ཆེན་ཁུར་ནས་རོགས་རམ་མི་ནུས་ལ། རྒྱུད་བཞིའི་མན་ངག་ཁྱེར་ནས་སྨན་བཅོས་དེ་བས་ཀྱང་མ་ནུས། ཡིན་ན་ཡང་ང་ལ་ཁོ་ཚོར་སེམས་ཤུགས་སྩོལ་བའི་འཁན་འཁྲི་ཡོད། རྟའུ། ང་ཚོ་ནི་ཡབ་མེས་གཅིག་ལས་ཆད་པའི་སྤུན་སྲིང་ཡིན་པས་འུ་ཚོའི་ལས་དབང་གཅིག་པ་ཡིན། ཁྱོད་ཀྱི་བདེ་ཐང་ནི་ང་ཚོའི་བདེ་སྐྱིད་ཡིན་ལ། ཁྱོད་ཀྱི་ན་ཟུག་ནི་ང་ཚོའི་སྡུག་བསྔལ་ཡིན་པས། ཁྱོད་རང་ཡར་ལོངས་ཤོག ཤུགས་སྣོན་ཤོག བློ་མ་ཕམ། ཡིད་མ་ཆད། ང་ཚོ་ནམ་ཡང་ཁྱོད་ཚོ་དང་ལྷན་དུ་ཡོད། མི་ཚོགས་ཁྲི་མ་འབུམ་གྱིས་ཁྱོད་ཚོའི་ཚེ་སྲོག་ལ་སེམས་ཁྲལ་བྱེད་ཀྱིན་འདུག བོད་མི་ས་ཡ་དྲུག་གིས་ཁྱོད་ཚོའི་བདེ་སྐྱིད་ལ་སྨོན་ལམ་རྒྱག་བཞིན་འདུག

    དེ་བས་སྙིང་ཉེ་བའི་སྨྱུག་གྲོགས་དག ཁྱེད་ཚོ་ནི་རིགས་ཀྱི་སྣེ་ཤན་པ་ཡིན། རླབས་ཆེན་གྱི་མི་རབས་ཤིག་གི་གསར་སྐྲུན་པ་ཡིན། ཁྱེད་ཚོས་ལྷག་ཏུ་སེམས་ཤུགས་བསྐྱེད་དགོས། ང་ཚོ་ནམ་ཡང་ཁྱེད་ཚོའི་རྒྱབ་ན་ཡོད།

    རྟའུ་བ་ཚོ། ངས་ལྷང་འཇགས་ཀྱི་ཁོར་ཡུག་ཅིག་ན་སྨོན་འདུན་གྱི་ལག་ཟུང་སྙིང་ཁར་སྦྱར་ནས་དཀོན་མཆོག་ལ་གསོལ་བ་འདེབས་ཀྱིན་ཡོད། རྒྱུ་མཚན་ནི་ང་རང་བོད་ཅིག་ཡིན་ཕྱིན། སྨོན་འདུན་གྱིས་ཁྱེད་ཅག་ལ་ལག་སྐྱེས་འབུལ་བ་ནི་ངས་རྟའུ་མང་འཚོགས་དང་རྟའུའི་སློབ་གྲོགས་ཚོ། སྒོས་སུ་སེམས་སྡུག་དང་སྐྱོ་གདུང་། འཇིགས་དངངས་ཀྱིས་བསླས་པའི་མི་སྐྱ་ཚོར་ཕུལ་པའི་ཆེས་མཐོའི་སེམས་གསོ་ཡིན། དེ་བས་རྟའུ་བ་ལགས་མགོ་བོ་ཡར་ལ་ཁྱོགས་དང་ང་ཚོ་མཉམ་དུ་བསྐྱོད། ང་ཚོའི་མདུན་ལྗོངས་ན་རིགས་གཅིག་སྤུན་ཟླ་ཁྲི་མ་འབུམ་གྱི་དཔུང་རྡང་ཉམས་མེད་དུ་ཡོད་ལ་འགྱུར་མེད་དུ་གནས་ཡོད། རྟའུ་བ་མ་སྐྲག་ལགས་མ་སྡུག་ལགས། ཤུགས་སྒྲིམ་ཡ་རྟའུ་བ།

        

  • ལེ་ཚན་སྔོན་མ།:གནད་འགག་གི་སྐབས་འདིར་ང་ཚོས་ཇི་ལྟར་བྱ།
  • ལེ་ཚན་རྗེས་མ།:སེམས་པ་སེམས་པས་གསོས་ནས། འཚོ་བ་དྲོད་ཀྱིས་སྐྱོང་འགྲོ།