གནད་འགག་གི་སྐབས་འདིར་ང་ཚོས་ཇི་ལྟར་བྱ།

གཙང་ཞོགས་སྤྲིན།        2020-03-03

    མིག་སྔར།རྒྱ་ནག་བོའུ་ཧན་གྲོང་ཁྱེར་ནས་མཆེད་ཡོངས་བའི་གློ་ཚད་ནད་དུག་གསར་པ་འདིས་ཧོའུ་པེ་ཞིང་ཆེན་གཙོ་བྱས་པའི་ཞིང་ཆེན་དང་གྲོང་ཁྱེར།ཁུལ་དང་རྫོང་སོགས་དཀའ་ཁག་ཆེན་པོར་གཏད་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད།དེ་བཞིན་དུ་རྒྱ་ནག་གི་ས་ཆ་ཙམ་དུ་མ་ཟད།ང་ཚོ་བོད་ཀྱི་ས་ཆ་གང་མང་ཞིག་ཏུའང་ནད་དུག་འདི་ཉིད་ཁྱབ་ཆེར་ཕྱིན་ཏེ།ནད་པའི་གྲངས་ཀ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་ཚང་མའི་མིག་མཐོང་ལག་ཟིན་ཏུ་གྱུར་ཡོད་པ་རེད།

    ནད་དུག་འདི་ཉིད་ཀྱི་ཚབས་ཆེན་རང་བཞིན་དང་འགོས་ཁྱབ་རང་བཞིན།སྔོན་འགོག་གི་གལ་ཆེན་རང་བཞིན་སོགས་ནི་ཆེད་མཁས་སྨན་པ་དང་ཆེད་དོན་ཞིབ་འཇུག་པ།བླ་མ་དང་དཔོན་པོ།དགེ་རྒན་དང་རྩོམ་པ་པོ།རང་འདུན་པ་སོགས་བཤད་ཤེས་མཁན་དང་འབྲི་ཤེས་མཁན་ཐམས་ཅད་ཀྱིས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཁྱབ་བསྒྲགས་གནང་བཞིན་ཡོད་ལ།དེའི་འབྲས་རྟགས་སུ་ད་ལྟ་ས་ཁུག་ལུང་ཀྱོག་ཏུ་གནས་པའི་ཡིག་རྨོངས་པའམ་མང་ཚོགས་དཀྱུས་མ་རྣམས་ཀྱིས་ཀྱང་ནད་དུག་འདི་ཉིད་ནི་གཞན་དང་མི་འདྲ་བའི་ཚབས་ཆེན་ཞིག་ཏུ་ངོས་འཛིན་ཐུབ་ཀྱིན་ཡོད་པ་རེད།རང་ཅག་བོད་པ་རྣམས་ཀྱིས་ཀྱང་ནད་དུག་འདིའི་ནད་རྟགས་དང་འགོས་ལམ།འགོག་ཐབས་སོགས་ཤེས་དགོས་པ་ཕལ་ཆེར་ཞིག་ཤེས་བཞིན་ཡོད་ལ།སྒྲུབ་དགོས་པ་ཕལ་ཆེར་ཞིག་ཀྱང་སྒྲུབ་བཞིན་ཡོད།

    འོན་ཀྱང་།ད་ལྟ་ང་ཚོ་གནད་དོན་ཞིག་ལ་འཕྲད་ཡོད་པ་ནི།ནག་ལོགས་ཀྱི་ཆ་རྐྱེན་བཟང་བའི་གྲོང་ཁྱེར་དག་དང་མི་འདྲ་བར།ཐ་ན་ཆེད་སྤྱོད་ཀྱི་ཁ་ཤུབས་འདང་ངེས་ཤིག་ཀྱང་མེད་པ་དེ་རེད།གལ་སྲིད་གྲོང་རྡལ་ཞིག་གམ་སྡེ་བ་ཞིག་ཏུ་ནད་པ་ཞིག་བྱུང་བའི་དབང་དུ་བཏང་ན།ས་གནས་ཀྱི་སྨན་ཁང་དུ་སྨན་དང་སྨན་པ་གང་གི་ཆ་ནས་ཀྱང་སྨན་བཅོས་ལེགས་པོ་ཞིག་བྱེད་ཐབས་མེད།དེ་བས།ང་ཚོས་གཞན་ལས་ཀྱང་གཟབ་ནན་མ་བྱས་ན།བརྒྱ་ལ་སྟབས་མ་ལེགས་པར་མི་གཅིག་ལ་ནད་དུག་དེ་ཕོག་སོང་ན།ས་གནས་དེར་གནས་པའི་མི་ཐམས་ཅད་ཚར་སོང་བ་རེད་ཅེས་བཤད་ནའང་མི་ཆོག་པ་ཆེར་མེད།

   འོ་ན།ང་ཚོས་ཇི་ལྟར་བྱས་ན་བཟང་ངམ་ཞེ་ན།ཆེད་མཁས་སྨན་པ་དག་གིས་གསུངས་པ་བཞིན།མིག་སྔར་ནད་དུག་འདི་ཉིད་ཀྱི་འགོག་ཐབས་ཆེས་ལེགས་ཤོས་ནི་རང་ཁྱིམ་དུ་བསྡད་ནས་གཞན་དང་འབྲེལ་འདྲིས་མི་བྱེད་པ་དེ་རེད་སྙམ།གཅིགགྲོང་ཁྱེར་ན་ཡོད་པ་རྣམས་ཕྱིར་ཕ་ཡུལ་དུ་མི་ལོག་པར་རང་གནས་སུ་བསྡད་དེ་རང་ལུས་ལ་བདག་སྐྱོང་ལེགས་པོ་བྱེད་པ་དང་།གལ་སྲིད་ངེས་པར་ཕ་ཡུལ་དུ་ལོག་དགོས་པའི་དབང་དུ་བཏང་ནའང་།རང་ཁྱིམ་ནས་ལྷོད་པོར་བསྡད་དེ་གཞན་སུ་ལའང་འབྲེལ་འདྲིས་མི་བྱེད་པ་དང་།ཐ་ན་རང་གི་ཁྱིམ་མི་རྣམས་ལའང་བར་ཐག་ངེས་ཅན་བཟུང་ནས་འདུག་པ།དེ་བཞིན་དུ་ཁྱིམ་ཚང་དེའི་མི་གཞན་པ་རྣམས་ཀྱང་སྒོ་ཕྱིར་སོང་ནས་གཞན་དང་མཉམ་འདུག་བྱེད་པའམ་སྐད་ཆ་བཤད་པ་སོགས་ནི་མི་འོས་པའི་གནས་སུ་གྱར།གཉིས།གྲོང་ཁྱེར་རམ་མི་མང་འདུས་སྡོད་བྱེད་ས་ནས་ཕྱིར་ལོག་པ་མིན་ནའང་།རང་ཁྱིམ་ནས་ལེགས་པར་བསྡད་དེ་ཐ་ན་ཁྱིམ་མཚེས་དང་གཉེན་ཉེ་ཚོའི་ཁྱིམ་དུ་མི་འགྲོ་བའང་ཤིན་ཏུ་གལ་ཆེ།གསུམ།གལ་ཏེ་སྒོ་ཕྱིར་འགྲོ་དགོས་པའི་དབང་དུ་བཏང་ནའང་།ལམ་འགྲོ་བ་སོགས་ངོ་ཤེས་མི་ཤེས་ཀུན་ལ་སྐད་ཆ་བཤད་པ་དང་ཉེ་བར་གཅར་བ་སོགས་ནི་རྩ་བ་ནས་མི་རུང་སྟེ།ནད་དུག་འདི་ཉིད་སུ་ཞིག་ལ་འགོས་ཡོད་མེད་དེ་ཕྱི་རོལ་ནས་བལྟས་པ་ཙམ་གྱིས་ངོས་ཟིན་ཐུབ་པ་ཞིག་ལར་ནས་མིན།

   དེས་ན།གནད་འགག་གི་སྐབས་འདིར་ང་ཚོས་སྒྲུབ་འོས་པ་ནི་ཅི་ཞིག་ཡིན་ནམ།ཇི་ལྟར་བསྒྲུབས་ན་ལེགས་སམ་སྙམ་ན།ཆེས་གལ་འགངས་ཆེ་བ་ནི་སྔར་བཞིན་རང་རང་སོ་སོས་རང་ཉིད་ལ་འགན་ཁུར་ཏེ་ཕྱི་རོལ་དུ་མི་འགྲོ་བའམ།ནམ་རྒྱུན་རང་ཁྱིམ་ནས་ལུས་སེམས་བག་ལྷོད་པོར་བསྡད་དེ།རང་ལུས་ལ་གཙང་སྦྲ་བྱེད་པ་དང་།སྐབས་སྐབས་སུ་ཁྱིམ་ནང་དུ་རླུང་རྒྱུ་རུ་འཇུག་པ་སོགས་ཆེད་མཁས་པའི་བཀའ་གསུང་ལྟར་སྔོན་འགོག་ལེགས་པོ་བྱས་ཏེ།ཕྱོགས་གཅིག་ནས་ནད་ཡམས་ལ་སྔོན་འགོག་བྱེད་པ་དང་།ཕྱོགས་གཅིག་ནས་ཁྱིམ་ནས་འདུག་པའི་དུས་ཚོད་འདི་ཉིད་བེད་སྤྱད་དེ་དོན་སྙིང་ལྡན་པའི་བྱ་བ་རེ་ཨེ་འགྲུབ་ལ་འབད་དགོས་པར་འདོད།དཔེར་ན།དགོན་པ་དང་སློབ་གླིང་སོགས་སུ་བཞུགས་པའི་གྲྭ་ཇོ་རྣམ་པར་མཚོན་ན།དུས་ཚོད་འདི་ཉིད་བེད་སྤྱད་དེ་དཔེ་ཆར་གཟིགས་པ་དང་སྒོམ་རྒྱག་པ་སོགས་བྱས་ན་དོན་དང་ལྡན་པར་འགྱུར་ལ།དེ་བཞིན་རྒན་པ་ལོ་ལོན་རྣམས་ཀྱིས་ཀྱང་རང་ཁྱིམ་ནས་ཕྱག་འཚལ་བ་དང་མ་ཎི་འདོན་པ།འཁོར་ལོ་སྐོར་བ།འབུམ་ལྔ་གསོག་པ་སོགས་བྱེད་ཆོག་ཅིང་།རང་རང་གི་ཚ་བོ་ཚ་མོ་རྣམས་ལ་གནའ་གཏམ་བཤད་པ་དང་སྒྲུང་བཤད་པ་སོགས་ཀྱང་ཤིན་ཏུ་མཚར།དེ་མིན་ནམ་རྒྱུན་ཁྱིམ་ཚང་གཅིག་གི་ལྟོ་རྒྱབ་ཀྱི་ཆེད་དུ་འབད་བཞིན་པའི་འཁོར་བ་པ་རྣམས་ཀྱིས་ཀྱང་།དུས་ཚོད་འདི་ནི་རང་ཉིད་ཀྱི་ངལ་གསོའི་དུས་ཚོད་ལེགས་ཤོས་ཤིག་ཏུ་བརྩིས་ཏེ་རང་ཁྱིམ་ནས་བརྙན་འཕྲིན་ལ་ལྟ་བ་སོགས་ལྷོད་པོར་འདུག་ཆོག་པ་དང་།སློབ་མ་རྣམས་ཀྱང་ཁོམ་མི་འདུག་པར་ལས་བྱ་འབྲི་བ་དང་དཔེ་ཆར་ལྟ་བ་སོགས་བྱེད་ཆོག་པ་མིན་ནམ།གཞན་ད་དུང་རིག་གནས་པའམ་ལས་རིགས་སོ་སོའི་སློབ་སྦྱོང་ལ་དགའ་མོས་ཡོད་པ་རྣམས་ཀྱིས་ཀྱང་དུས་ཚོད་འདི་ཉིད་བེད་སྤྱད་ནས་དཔེ་ཀློག་དང་སློབ་སྦྱོང་སོགས་གྱ་ནོམ་པ་ཞིག་བྱེད་ཆོག་ཅིང་།རྩོམ་འབྲི་ལ་སྤྲོ་བའི་རྩོམ་པ་པོ་རྣམས་ལ་མཚོན་ནའང་།བར་སྐབས་འདི་ནི་ཆེས་ལྷིང་འཇགས་སམ་ཆེས་བག་ལྷོད་ལྡན་པའི་དུས་ཚོད་ཅིག་མ་ཡིན་ནམ།དེ་ལས་ཀྱང་ལས་རྐང་སོ་སོར་གནས་པའི་ལས་བྱེད་པ་རྣམས་ནི་ནམ་རྒྱུན་ཕ་མ་དང་བུ་ཕྲུག་ཚོ་དང་མཉམ་འདུག་བྱེད་པའི་གོ་སྐབས་ཕྲ་བས། གནས་སྐབས་འདི་ནི་དེ་ལ་ཁ་གསབ་བྱེད་པའི་གོ་སྐབས་ལེགས་ཤོས་ཤིག་མ་ཡིན་ནམ།

    མདོར་ན།ཁྱིམ་ནས་འདུག་པ་དེ་སྡུག་བསྔལ་ཞིག་ཏུ་མི་འདོད་པར།འདི་ཉིད་གོ་སྐབས་ཤིག་གམ་མཐུན་རྐྱེན་བཟང་པོ་ཞིག་ཏུ་ངོས་བཟུང་སྟེ།ཐོག་མར་ནད་དུག་འདི་ཉིད་ཕོག་སྟེ་འཇིག་རྟེན་གཞན་དུ་ཕྱིན་ཚར་བ་རྣམས་ལ་བསྔོ་སྨོན་ཞུ་བ་དང་།ད་ལྟ་ནད་དུག་འདི་ཉིད་ཀྱིས་མནར་བཞིན་པ་རྣམས་མགྱོགས་མྱུར་ནད་ལས་གྲོལ་བར་སྨོན་ལམ་འདེབས་པ།ནམ་དུག་འདི་ཉིད་འཇའ་ཡལ་བ་ལྟར་མགྱོགས་མྱུར་རིགས་དྲུག་སེམས་ཅན་རྣམས་དང་ཁ་བྲལ་འགྲོ་བའི་གསོལ་བ་འདེབས་པ་སོགས་བྱེད་པ་དང་།དེ་ནས་གོང་དུ་བཤད་པ་ལྟར་དམིགས་བསལ་གྱི་དུས་ཚོད་འདི་ཉིད་དོན་སྙིང་ལྡན་པ་ཞིག་ཏུ་བསྒྱུར་རྒྱུ་ནི་ང་ཚོ་ཚང་མས་འབད་དགོས་པའི་གནས་ཡིན་ལ།དེ་ལྟར་བྱས་ན་ད་གཟོད་ཕྱི་རོལ་དུ་མི་འགྲོ་བར་ཁྱིམ་ནས་འདུག་པ་དང་།གཞན་དང་འབྲེལ་འདྲིས་མི་བྱེད་པ་དེ་སྡུག་བསྔལ་ཞིག་ཏུ་འདོད་མི་སྲིད་ཅིང་།དེ་ལས་ལྡོག་སྟེ།ནང་ཆོས་སུ་རྐྱེན་ངན་ལམ་འཁྱེར་ཞེས་གསུངས་ཡོད་པ་ལྟར།རྐྱེན་ངན་པ་འདི་ཉིད་བདེ་སྐྱིད་ཀྱི་རྒྱུ་ཞིག་ཏུ་མི་འགྱུར་བའི་ངེས་པའང་ག་ལ་ཡོད།དེ་ལྟར་བྱས་ན་ད་གཟོད་ཕྱོགས་གཅིག་ནས་ཐེངས་འདིའི་གློ་ཚད་ནད་དུག་སྔོན་འགོག་ལ་ང་ཚོ་ཚང་མས་ནུས་ཤུགས་འབུལ་ཐུབ་པ་དང་།ཕྱོགས་གཅིག་ནས་ང་ཚོ་རང་ཉིད་ལའང་དཔེ་ཀློག་དང་སློབ་སྦྱོང་སོགས་བྱ་བ་ཀུན་སྒྲུབ་པའི་དུས་ཚོད་འདང་ངེས་ཤིག་ཡོད་པ་ཡིན་ནོ།།

                        


  • ལེ་ཚན་སྔོན་མ།:རྟའུ་ནས་སྐྱེས་སྐར་གླེང་བ།
  • ལེ་ཚན་རྗེས་མ།:རྟའུ་ལ་སྤྲིངས་པའི་འཕྲིན།