རྟའུ་ལགས། ང་ཚོ་ནམ་ཡང་ཁྱེད་དང་མཉམ་དུ་ཡོད།

ཙ་སུར་སྦྱིན་པ།        2020-03-10

    ཞེ་ནག་པའི་རིམས་ནད་ཅིག་རྩ་སྐྱ་མེ་ལ་ཤོར་བ་བཞིན་ཐོལ་གྱིས་མཆེད་ཡོང་དུས། མི་ཆེན་གྱིས་ས་ཆེན་སྒུལ་རུང་། དཔོན་ཆེན་གྱིས་ཁྲིམས་ཆེན་ཇི་ལྟར་བཀོལ་རུང་། ཡ་ང་དང་འདང་བརྩེ་མེད་པར་གདུག་རྩུབ་ངང་ངལ་མེད་ཀྱིས་ཁྱབ་ཡོང་བ་ནི། ང་ཚོ་དང་མཉམ་དུ་ཡོད་པའི་རྟའུ་ལགས་ཁྱེད་གཅིག་པུ་ག་ལ་ཡིན། སྐྱོ་མི་དྲགས་པར་དབང་ཕྱོགས་ཀྱི་ཉི་གཞོན་གསར་བའི་འཛུམ་མདངས་ལ་གཟིགས་པར་མདུན་དུ་སྐྱོད་པར་ཤོག་ཅིག

   རྟའུ་ལགས། ང་ཚོ་དང་མཉམ་དུ་ཡོད་པའི་ཁྱེད་ཚོ། དཔའ་མི་ཞུམ་ཞིང་ངར་མི་ཉམས་པར་རང་སེམས་གོར་མོ་འོད་ལམ་མེར་བཞུགས་དང་། གནམ་སྔོན་མོ་མ་རྡིབ་ཅིང་ས་དོག་མོ་མ་འགྱེལ་བར་དུ་ཁྱེད་ཚོ་དང་མཉམ་དུ་ཡོད་པའི་ང་ཚོ། ལུས་ཕྱོགས་གཅིག་ན་མེད་ཀྱང་སེམས་ཕྱོགས་གཅིག་པའི་སྙིང་གི་འཕར་རྩ་ཁྱེད་ཚོ་མཉམ་དུ་ལྡིང་གིན་ཡོད་པ་མ་བརྗེད། ཁྱེད་ཚོ་དང་མཉམ་དུ་སྐྱེས་པ་བཞེས་པའི་ང་ཚོ། ནམ་ཡང་ཁྱེད་ཚོ་དང་མཉམ་དུ་དཔུང་བ་གཤིབ་ཅིང་སེམས་རྩ་གཅིག་མཐུན་གྱིས་སྦྲེལ་ནས་ཡོད།

    གནམ་ལ་བཅོལ་བའི་རེ་བ་དང་ལས་ལ་ཁེན་པའི་ཨོམ་ཚུགས་དེ་ག་ལེར་གློད་དང་། ཉིན་སྲིབས་དང་དཀར་ནག་ལྟ་བུའི་ལས་འབྲས་ནི་རྒྱུ་མཐུན་གྱི་ལོངས་སྤྱོད་གྲུབ་པ་གདོན་མི་ཟ་ལ། གློ་ནད་གཉན་ཚད་ཀྱི་རིམས་ནད་འདི་ཡང་སྦལ་བའི་གནམ་ངོ་བཞིན་ཁྱེད་ཕྱོགས་སུ་ལྡིང་ཆེ་བའང་དོན་དངོས་རེད། ཡིན་ཡང་བློ་མ་ཕམ་ཞིང་ཡིད་མ་ཆད་པར་སྔར་ལས་སྐྱིད་པའི་འཚོ་བ་དང་སྔར་ལས་མཛེས་པའི་ཕ་ཡུལ་གྱི་ཆེད་དུ། དེ་བས་ཀྱང་ལྷོད་ཡངས་མེད་པར་ཏོག་གསར་གྱི་གློ་ཚད་འགོག་སྲུང་དང་སྔོན་འགོག་ལ་གཟོབ་ཅིག

   སྨུག་ལང་ལོང་གི་སེམས་པར་སྔངས་འཚབ་སྐྱེས་རུང་འཇིགས་ཡེར་ནས་བག་འཁུམ་ངང་ཡེ་ནས་མི་འདུག་པར། སེམས་པ་ལྷོད་ལ་བོབས། རང་ལུས་བདག་པོར་རྒྱོབས། རང་མི་ནང་ནས་སྡོད་དང་། རང་ཁྱིམ་རང་གིས་སྲུངས། ལུས་མི་ཐོན་རུང་སེམས་ཉེ་བའི་ཤ་དང་རུས་པ་གཅིག་པའི་ང་ཚོ། ཁྱེད་ཚོ་དང་མཉམ་དུ་སྡུག་ཡུས་ཁོག་ལ་མིད་ཅིང་སྨྲེང་བ་རུམ་ལ་བཅུག་སྟེ། རྟའུ་རྟ་རྒོད་བཞིན་བག་ཡངས་ཀྱིས་སྤང་ཐང་དུ་བསྐྱོད་པར་འབོད་སྐུལ་བྱེད་ཀྱིན་ཡོད།

   རྒྱུ་འབྱོར་བ་ཅན་གྱི་ནོར་བདག་དང་ཐོབ་གོ་ས་ཅན་གྱི་དཔོན་པོ། བློ་རིག་པ་བཟང་བའི་རྣམ་དཔྱོད་དང་ཁོག་ཤེས་རྒྱ་ཆེ་བའི་བསམ་ཤེས་མིན་རུང་། བོད་ཡུལ་ནས་སྐྱེས་ཤིང་བོད་མི་ལ་དགའ་བ་ནི་ངའི་རྨོངས་སེམས་ལ་སྒྲོན་མེ་སྦར་མཁན་གྱི་སྐུ་དྲིན་ཅན་ཚོའི་བཀའ་དྲིན་ཡིན་པ་སྨོས་མ་དགོས་པས། ངས་ཀྱང་འདི་ནས་ས་ཕྱོགས་མི་གཅིག་རུང་ཁྲག་རྒྱུན་གཅིག་པའི་སྤུན་ཟླ་ཚོ་དང་མཉམ་དུ་གདུང་སེམས་མཉམ་བསྐྱེད་དང་དགའ་བདེ་མཉམ་སྤྱོད་ཀྱི་སེམས་མཚོན་ཞིག་བགྱིས་ན་ཅིས་མི་ཆོག

   ཟེད་ཟེད་ལང་ལོང་དུ་གྱུར་པའི་ཏོག་གསར་གྱི་རིམས་ནད་འདིས། རྟབ་རྟབ་པོར་གྱུར་པའི་ཁ་སང་གི་ང་དང་། བློང་བློང་བོར་གྱུར་པའི་དེ་རིང་གི་ཁྱེད་ཚོ། དྲང་བདེན་གྱིས་མི་བསླུ་ཞིང་བདེན་ཚིག་གི་མཐུ་སྟོབས་ཀྱིས་རྣམ་པར་གྱུར་པའི་ཉི་ཚེ་བའི་ངོ་བོ་ལས་རིང་དུ་གྱེས་ནས། དྲང་བོར་བསྲངས་པའི་ལུས་སེམས་གཉིས་པོ་བདེ་ཐང་ངང་སྔར་ལས་འཛུམ་མདངས་རྒྱས་ཤིང་རི་ལུང་ཀུན་བཀྲ་ཤིས་དགེ་མཚན་གྱིས་ཁྱབ་པའི་འོད་སྟོང་འབར་བའི་ཡིད་རྟོན་གྱིས་ང་ཚོ་དང་མཉམ་དུ་འཚོལ་སྙེག་བྱེད་ཆོག་ཆོག་ཡིན།

   རྟའུ་ལགས། ཁྱེད་ཚོ་དང་མཉམ་དུ་ཡོད་པའི་ང་ཚོ་ནི། ཕ་མ་ལྟ་བུའི་བྱམས་བརྩེ་དང་ཕུ་ནུ་ལྟ་བུའི་མིང་སྲིང་དུ་གྱུར་པ་ཡིན་སྟབས། ལུས་མིན་སེམས་དང་ཁ་མིན་དོན་གྱིས་རིམས་ནད་འདི་ལས་མྱུར་དུ་གྲོལ་ཞིང་འཐབ་འཁྲུག་ལྟ་བུའི་གཡུལ་འགྱེད་འདི་ལས་རྣམ་པར་རྒྱལ་བའི་སྨོན་སེམས་གཙང་མ་དང་བཅས་ཕུལ་བ་ལགས།

             


  • ལེ་ཚན་སྔོན་མ།:རྟའུ། ཁྱེད་ནི་ངའི་སྙིང་རྩྭར་འབྲེལ་བའི་མཛུབ་མོ་ཞིག
  • ལེ་ཚན་རྗེས་མ།:ངའི་སེམས་པ་རྟའུ་ལ་འཁོར་ཡོད།