ཨ་ཀུན། 2017-03-27
བདག་ས་ཆ་མིང་གྲགས་ཅན་དུ་འགྲོ་མྱོང་རུང་། བརྙན་འཕྲིན་དང་རི་མོའི་ཐོག་ནས་མིང་གྲགས་ཅན་གྱི་ས་ཆ་དང་རི་ཆུ་མཐོང་མྱོང་། ཡིན་ནའང་ར་ཉིས་ས་ཆའི་རི་ཆུ་ལྟ་བུ་ཞིག་མཐོང་མ་མྱོང་།
བདག་གིས་རྦ་རླབས་ཆལ་ཆིལ་དུ་གཡོ་བའི་མཚེའུ་མཐོང་མྱོང་ལ། དྭངས་ཤིང་གསལ་བའི་ཆུ་ཕྲན་ཡང་མཐོང་མྱོང་མོད། འོན་ཀྱང་ར་ཉིས་ས་ཆའི་མཚོ་འདྲ་ཞིག་མཐོང་མ་མྱོང་། ར་ཉིས་མཚོ་ནི་ཅི་འདྲའི་མཚར་བ་ལ་ཨང་། མཚོ་ལ་ལར་མཚོ་ཞབས་མེད་པ་དང་ཁ་ཤས་ལ་རྩྭ་སྐྱེས་ཡོད། ར་ཉིས་མཚོ་ནི་ཅི་འདྲའི་མང་བ་ལ། ཚོམ་བུ་དང་ཚོམ་བུ་བྱས་ནས་འཁྱིལ་ཡོད། ཕར་བལྟས་ན་ཁྱིམ་ཚང་མང་པོ་ཞིག་གིས་སྦྲ་ཕུབ་ནས་བསྡད་པ་དང་འདྲ། མཚོ་ཆེན་པོ་ནི་ཁྱིམ་ཆེན་པོ་དང་མཚོ་ཆུང་ཆུང་ནི་སྦྲ་དང་འདྲ། ར་ཉིས་མཚོ་ནི་ཅི་འདྲའི་སྔོ་ཞིང་ལྗང་བ་སྟེ། ཧ་ཅང་སྔོ་བས་དྲི་མས་མ་གོས་པའི་གཡུ་ཡི་མཚོ་མོ་ཞིག་དང་མཚུངས།
བདག་གི་གཡང་གཟར་བྲག་རིའི་རྩེ་མོ་གྱེན་དུ་ཀེར་བའི་རི་བོ་མཐོང་མྱོང་ལ། ནགས་ཚལ་སྟུག་པོ་སྐྱེས་ཡོད་པའི་རི་བོའང་མཐོང་མྱོང་། ཡིན་ནའང་ར་ཉིས་ས་ཆའི་རི་ལྟ་བུ་ཞིག་མཐོང་མ་མྱོང་། ར་ཉིས་རི་ནི་ཅི་འདྲའི་མཚར་བ་ལ་ཨང་། རི་བོ་ཚང་མ་རྔ་མོང་མང་པོ་གཅིག་རྗེས་གཉིས་མཐུད་ངང་འགྲོ་བ་དང་འདྲ། ར་ཉིས་རི་ནི་ཅི་འདྲའི་མཛེས་པ་ལ། རི་བོ་ཚང་མ་མིས་བཟོས་པ་བཞིན། ལ་ལ་ནི་གཡུ་མདོག་གི་སྒྲིབ་ཡོལ་དང་འདྲ་ཞིང་། ཡང་ལ་ལ་ནི་རི་མོ་མཁན་གྱིས་སྨྱུག་རྩལ་ལས་ཐོན་པ་དང་མཚུངས།
རི་བོས་གཡུ་མཚོ་བསྐོར་བ་དང་མཚོའི་ནང་དུ་རི་བོའི་གཟུགས་བརྙན་ཤར་ཞིང་། རི་འགོའི་སྔོ་ལྗང་གི་མེ་ཏོག་དང་ཁ་ལ་མངར་བའི་སིལ་ཏོག མཚོ་ངོས་སུ་འཕུར་ལྡིང་བྱེད་པའི་ཆུ་བྱ་དང་ངང་བ་སོགས་མཐོང་དུས་མུ་འབྲེལ་རི་མོའི་ནང་དུ་བསྐྱོད་པའི་ཚོར་སྣང་སྟེར་ཞིང་། དེ་ནི་བྱ་ནི་གཡུ་མཚོའི་ངོས་སུ་བགྲོད། མི་ནི་རི་མོའི་ཁྲོད་དུ་རྒྱུ་ཞེས་ཟེར་བ་དང་ཀུན་ནས་མཚུངས་སོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10