ང་རང་དབྱར་ཁ་ལ་དགའ།

བདེ་སྐྱིད།        2017-03-20

      འཇིག་རྟེན་གྱི་ཆོས་ཉིད་ལྟར་དུས་བཞིའི་འཕོ་འགྱུར་གྱི་འཁོར་ཤུགས་ཁྲོད་དབྱར་གྱི་དུས་ཚིགས་ལ་སྙེག་བྱུང་།

      སྤྱིར་འཇིག་རྟེན་གྱི་ཁམས་འདིར་འཚོ་བའི་མི་ཞིག་ཡིན་ཕྱིན། དེར་རང་ཉིད་ཀྱི་དགའ་ཕྱོགས་དང་འདོད་ཕྱོགས་རེ་ཡོད་པས་ཉམ་ཆུང་གི་སློབ་བུ་ང་ནི་མཛེས་སྡུག་དཔལ་གྱིས་གཏམས་པའི་དབྱར་ཁར་དགའ་ཞིང་། སྙིང་བོ་འབུམ་གྱིས་ཕྱུག་པའི་དབྱར་ཁ་ལ་དུངས། དེར་དཔྱིད་ཀ་ལྟར་རླུང་འཚུབ་ཀྱི་འཚེ་བ་དབེན་ལ།སྟོན་ཁ་ལྟར་སད་སེར་གྱི་འཇིགས་པ་བྲལ།དགུན་ཁ་ལྟར་ཁ་བ་བུ་ཡུག་འཚུབ་པའི་གདུག་རྩུབ་ཀྱི་རྣམ་པ་ནི་དེ་ལས་ཀྱང་སྟོང་།

      དབྱར་ཁ། ཁྱེད་ནི་རྩྭ་ཐང་གི་སྒེག་མོར་མེ་ཏོག་གི་རྒྱན་ཆ་འདོགས་པའི་བདག་པོ་དང་། རྟ་ནོར་ལུག་གསུམ་གྱི་ཕྲུ་གུར་རྩྭ་ཆུའི་ཟས་སྐོམ་སྟེར་བའི་མ་མ་ཡིན། གྲོ་ནས་སྲན་གསུམ་གྱི་མྱུ་གུར་འཚོ་བཅུད་སྩོལ་བའི་བདག་པོ་ཡིན་ལ། འཇིག་རྟེན་འདིར་བདེ་དགའི་དཔལ་ཡོན་བསྐྲུན་པའི་བསྙོན་མེད་ཀྱི་མེས་པོའང་ལགས།

      ཆུ་སྐྱེས་པདྨའི་འདབ་བརྒྱ་ལྷུག་པོར་གྲོལ་ཏེ་དྲི་བསུང་ཕྱོགས་བཞིར་འཐུལ་དུས། ཕྱེ་ལེབ་སྒེག་མོས་འཇོ་སྒེག་ལུས་ཀྱི་སྟངས་སྟབས་སྒྱུར་དུས། རྐང་དྲུག་སྦྲང་མས་དར་དིར་ངག་གི་གླུ་དབྱངས་ལེན་དུས།གཡུ་འབྲུག་སྔོན་མོས་ལྡིར་ལྡིར་མགྲིན་པའི་རྫ་རྔ་རྡུང་དུས།

      དབྱར་ཁ། ངས་ཁྱེད་ཀྱི་གཟི་བྱིན་མཐོང་བྱུང་།


  • ལེ་ཚན་སྔོན་མ།:རེ་སྨོན།
  • ལེ་ཚན་རྗེས་མ།:ར་ཉིས་ས་ཆའི་རི་ཆུ།