རེ་སྨོན།

རེབ་ས་ལྕགས་བྱམས་ཚེ་རིང་།        2017-03-20

      མི་ཚེ་ནི་ཆུ་བོའི་རླབས་རིས་ལྟར་སྐད་ཅིག་ཉིད་ལ་ཡལ་འགྲོ། དེ་ནི་མི་བུ་རེ་རེའི་རྐང་པས་རི་ལུང་བརྒལ་ནས་མིག་ཟུང་གིས་རྒྱང་རིང་གི་ལམ་ཕྲན་གཏུབ་དགོས་པའི་ལས་ཀྱི་གོ་རིམ་ཆ་ཚང་ཞིག་ཡིན་པས།རང་ཉིད་ཀྱི་མི་ཚེ་ཐུང་ངུ་འོད་དུ་སྦར་དགོས་ན་ཐོག་མར་སྐྱེས་བུ་སུ་ལ་མཚོན་ནའང་མི་རེ་རེའི་སེམས་པའི་མངལ་དུ་རེ་སྨོན་ཞིག་བཅངས་པ་ནས་དབུ་ཚུགས་པ་རེད།ངའི་རེ་སྨོན་ནི་ང་རང་དཔེ་ཀློག་ལ་དགའ་བའི་ཀྲུང་གོའི་སྤྱི་དམངས་ཤིག་བྱ་རྒྱུ་དེ་ཡིན།

      མི་རེ་རེར་ལམ་བུ་རེ་རེ་ཡོད་དེ།ལམ་དེ་ནི་འདམ་རྫབ་དང་ཡང་ན་གཅོང་རོང་གིས་གྲུབ་པའི་ལམ་ཞིག་ཡིན་སྲིད་མོད།ཡིན་ཡང་རང་གི་རིག་སྟོབས་དང་ཤེས་རབ་ཀྱིས་མི་ཚེའི་ལམ་བུ་དེ་ཇེ་ཡག་ཇེ་མཛེས་སུ་བཟོ་ཆོག་སྟེ།འཇིག་རྟེན་ན་སྟོབས་ཤུགས་མཐའ་མེད་པ་ཞིག་ཡོད་པ་ནི་མིའི་ཚེ་སྲོག་གི་སྟོབས་ཤུགས་ཡིན་ལ།མིའི་ཚེ་སྲོག་གི་སྟོབས་ཤུགས་ཀྱང་མིའི་སེམས་ཀྱི་སྟོབས་ཤུགས་ཡིན་པས།སྒྲོག་ཏུ་ཚུད་པའི་སེམས་ཀྱི་རྟ་རྒོད་དེ་འཛམ་གླིང་རྒྱལ་ཁམས་ཡངས་པོར་བང་གིས་རྒྱུག་དགོས་ན་རྟ་ལྕག་གིས་འབྲབ་དགོས་པ་ལྟར།སེམས་ཀྱིས་སྟོབས་ཤུགས་ཕྱི་རུ་མངོན་བྱེད་ནི་དཔེ་ཆར་བརྟེན་དགོས་པ་རེད།དེ་བས་ང་ལ་འདུན་མ་ཞིག་ཡོད་པ་ནི་དཔེ་ཆས་སྐྱེད་སྲིང་བྱས་པའི་ཀྲུང་གོའི་སྤྱི་དམངས་ཚད་ལྡན་ཞིག་བྱ་རྒྱུ་དེ་ཡིན།དེ་བས་ངས་ནམ་ཡང་དཔེ་ཆར་དད་ཅིང་དཔེ་ཆ་ཀློག་བྱེད་ཀྱི་མཛེས་རྟོག་གི་རིག་པ་ཡན་གར་བ་རེ་འཚོལ་བ་ཡིན།དེ་ནི་ངའི་ཚེ་སྲོག་གི་སྟོབས་སུ་སིམ་པ་ཡིན་ལ།མི་ཚེར་བཅངས་པའི་རེ་སྨོན་གྱི་ཡང་སྙིང་ཟབ་པས་ཀྱང་ཡིན།

      དཔེ་ཆ་ནི་སྐྱེས་བུ་རང་མཚན་པ་ཞིག་གི་བསམ་གཞིག་གི་དྲན་པ་གསོ་བྱེད་ཡིན་ལ།མི་ཚེ་ཞེས་པའི་ཉིན་ཞག་ཕྲེང་སྦྲེལ་གྱི་ལོ་ཟླའི་བཞུར་རྒྱུན་རིང་ཤོས་ཡིན་པས།དེ་ལ་ཁྱོད་ཀྱི་མགོ་ཐོག་ཏུ་སྐྱིད་སྡུག་གི་ཁ་བ་ག་ཙམ་བབས་ཀྱང་ཁྱོད་ཀྱིས་རང་ཉིད་འདེགས་དགོས།ཁ་ཆར་འདྲེས་མའི་ལོ་ཟླའི་འཕྲང་བ་བརྒལ་ནས་སྐྱོ་ཤས་སད་སུད་རེ་དང་སྡུག་བསྔལ་ཤར་ཤུར་དེ་དག་རྒྱབ་ཏུ་གཡུགས་ནས་ལམ་ལ་ཆས་དགོས།རང་ཉིད་ནི་རང་གི་ཚེ་སྲོག་སྒུལ་བྱེད་ཡིན་ལ་རང་གི་མི་ཚེའི་དར་ཆའང་ཡིན།དར་ཆ་དེ་མཐོ་རུ་བསྒྲེང་ཆེད།བསྟན་བཅོས་གྲངས་མེད་ཀྱི་རླངས་པ་མཁོ་ལ་རིག་པའི་སྟོབས་ཤུགས་ཀྱི་ཀ་བའང་མཁོ་བས།ངས་དཔེ་ཀློག་གི་ཁྲོད་དུ་བསྐྱལ་རྒྱུ་དེ་ཡིན་ལ།དཔེ་ཀློག་ལས་རང་ཉིད་ཀྱི་རྣམ་ཤེས་རྗེན་པོ་མིའི་རིགས་ལ་འགྲེམ་སྟོན་བྱ་རྒྱུ་དེ་ཡིན།

      མེས་པོ་རྣམས་ཀྱིས་ང་ལ་གཤོག་པ་ཞིག་སྤྲད་ཟིན།ད་ནི་སྲོད་ཁའི་ཉི་གྲིབ་བརྟོལ་ནས་རྒྱང་རིང་དུ་འཕུར་དགོས།བྱ་རྒོད་འཕུར་ཤུལ་གྱི་ནམ་མཁའ་སྟོང་བ་འདིར།ངས་རང་ཉིད་ཀྱི་རེ་སྨོན་ཁྲོད་འོད་ཀྱི་སྐར་ཁུང་ཞིག་བཟོ་དགོས་ལ།སྐར་ཁུང་དེ་ལ་སླར་ཡང་རྡོ་རིང་གི་ངོས་སུ་ལྷག་འཕྲོར་ལུས་པའི་གཏམ་རྒྱུད་དེ་མཇུག་སྒྲིལ་བར་བྱེད།

ང་རང་དབུལ་ཕོངས་དང་བཀྲེས་སྐོམ་གྱིས་མནར་ནས་ས་སྒང་འདིའི་ཁྱོན་དུ་སླེབས་ནའང་།  ངས་རང་ཉིད་ཀྱི་ལས་དབང་ལ་ངུ་རོགས་བགྱིས་ནས་སླར་ཡང་མིག་ཆུའི་སྟོབས་འཚོལ་དགོས་ལ།  རྒྱང་རིང་གི་ལམ་ཐག་འཇལ་ནས་རྐང་པའི་ལྷམ་ཆུང་རལ་ན་ཡང་།  སླར་ཡང་ཤ་རུས་ཀྱིས་གནམ་མཐའི་ཕ་རོལ་གྱི་རེ་སྨོན་ཀློང་གི་གཏམ་རྒྱུད་འབྲི་དགོས།།


  • ལེ་ཚན་སྔོན་མ།:བུད་མེད་ཀྱིས་དཔེ་ཀློག་བྱས་ན་མི་རིགས་ཤིག་སྐྱོབ་ཐུབ།
  • ལེ་ཚན་རྗེས་མ།:ང་རང་དབྱར་ཁ་ལ་དགའ།