བསམ་བློ་བཅིངས་འགྲོལ་ཆེན་པོ་གཏོང་བའི་སྐོར་གླེང་བ།

སྐལ་ཐུབ        2017-03-27

      སྤྱི་ཟླ2པའི་ཟླ་གཞུང་ནས་བཟུང་སྟེ་རང་ཁུལ་གྱིས་ཁུལ་ཡོངས་སུ་བསམ་བློ་བཅིངས་འགྲོལ་ཆེན་པོ་དང་འཇོན་ནུས་ཇེ་ཆེར་གཏོང་བ། ལས་ཀར་གྲུབ་འབྲས་ཆེན་པོ་འཐོབ་པའི་གྲོས་བསྡུར་ཆེན་པོའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད། དེ་ཡང་བསམ་བློ་བཅིངས་འགྲོལ་ཆེན་པོ་གཏང་དགོས་ན། བསམ་བློའི་ལངས་ཕྱོགས་བརྟན་པོ་དང་ལས་སྒྲུབ་ཀྱི་རྣམ་འགྱུར་ཡག་པོ་ཡོད་དགོས་པ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པར་མ་ཟད། ད་དུང་དོ་དོ་དན་དན་གྱི་ལས་སྒྲུབ་བྱེད་ཐབས་ཀྱང་དགོས་པ་རེད། གོ་སྐོན་བློ་འགུགས་བྱ་ཐབས་ཆེས་བཟང་བ་ནི་བྱ་སྤྱོད་ཀྱི་ཐོག་ནས་ཡིན་ཞིང་བསམ་བློ་བཅིངས་འགྲོལ་གཏོང་བའི་འབྲས་བུ་ཡང་མཐར་ཐུག་བྱ་སྤྱོད་ཀྱི་ཐོག་ནས་མཚོན་དགོས་པ་རེད། འཕེལ་རྒྱས་ཁྲོད་ཀྱི་གོ་སྐབས་ནི་མི་གྲ་སྒྲིག་ཡོད་མཁན་དང་བསམ་བློ་ཡོད་མཁན། བཅོས་བསྒྱུར་གཏོང་ཕོད་མཁན་བཅས་ཀྱིས་དམ་འཛིན་བྱེད་ཐུབ་པ་ལས་སྙོམས་ལས་པ་རྣམས་ལ་ནི་མ་ཡིན་ནོ།།

      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསམ་བློའི་འདུ་ཤེས་དང་ཁེ་ཕན་འགྱུར་མེད་ཀྱི་བཀག་རྒྱ་གཏོར་དགོས་ན་བསམ་བློ་བཅིངས་འགྲོལ་གཏོང་བ་ནི་ཨང་དང་པོ་ཡིན། བཅོས་བསྒྱུར་ཟབ་སྤེལ་གཏོང་བའི་གནད་དོན་ཐད་བསམ་བློའི་འདུ་ཤེས་ཀྱི་བཀག་སྡོམ་ཁ་ཤས་ནི་ལམ་ལུགས་ཀྱི་ཕྱི་ནས་མིན་ཞིང་ནང་ཁུལ་ནས་བྱུང་བས་བསམ་བློ་བཅིངས་འགྲོལ་མ་བཏང་ན་ང་ཚོས་འགྱུར་མེད་ཀྱི་ཁེ་ཕན་སྣ་ཚོགས་ཀྱི་གནད་བཀྲོལ་མི་ཐུབ་ཅིང་འགག་བཤང་སའི་ཁ་ཕྱོགས་དང་ཤུགས་རྒྱག་ས་རྙེད་མི་ཐུབ་ལ་གསར་སྐྲུན་རང་བཞིན་གྱི་བཅོས་བསྒྱུར་བྱེད་ཐབས་ཀྱང་འདོན་ཐུབ་ཀྱི་མེད། དེར་བརྟེན་ང་ཚོར་རང་ངོས་གསར་བརྗེའི་སྤོབས་པ་དང་སེམས་རྒྱ་དགོས་ཤིང་བེད་མེད་ཀྱི་ལམ་ལུགས་དང་ནང་སྲོལ། དེ་མིན་ཁེ་ཕན་སྣ་ཚོགས་ཀྱི་འཆིང་རྒྱ་ལས་ཐར་ཐུབ་པར་བྱས་ཏེ་མ་བསྐུལ་དང་བླངས་ཀྱིས་བཅོས་བསྒྱུར་བྱེད་ཐབས་འདོན་དགོས་ཞེས་གསུངས་པ་རེད།

      ས་གནས་སོ་སོས་འཕེལ་རྒྱས་དང་བཅོས་བསྒྱུར་གྱི་བྱེད་ཐབས་འདོན་པའི་ཚེ་ཞིབ་འཇུག་དང་རིགས་པས་ཡང་ཡང་བསྒྲུབས་ཤིང་དངོས་ཡོད་གནས་ཚུལ་དང་མཐུན་པ་དང་སྤྱི་ཡོངས་ལ་ཕན་པ་ཞིག་ཡིན་ཕྱིན། དེ་ནས་ངེས་པར་སྙིང་སྟོབས་ཆེན་པོས་ལག་ལེན་བྱེད་ཕོད་དགོས་པ་ལས་འཛེམ་ཆ་མང་པོས་མདུན་སྐྱོད་ཀྱི་དཔའ་འཇོམས་པ་དང་ཅི་ཡང་དྲན་མི་ཕོད་པ་དང་ཅི་ཡང་ལས་མི་ཕོད་པ་ཉི་མ་འཁྱོལ་ཐབས་ངང་དུས་འདའ་བ་གཏན་ནས་མི་རུང་ངོ་།།


  • ལེ་ཚན་སྔོན་མ།:ར་ཉིས་ས་ཆའི་རི་ཆུ།
  • ལེ་ཚན་རྗེས་མ།:ཁྱོད་ད་དུང་གཉིད་དགོས། ཅིས་ཀྱང་གཉིད་དགོས།