གཅན་ལུང་བསོད་རྒྱམ། 2017-03-09
ལོ་རེའི་ལུགས་གསར་གྱི་ཟླ་གསུམ་པའི་ཚེས་བརྒྱད་ཉིན་ནི་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཡིན་ལ། ཉིན་དེ་ནི་འཛམ་གླིང་གི་གླིང་ཆེན་སོ་སོའི་བུད་མེད་ཡོངས་ཏེ། རྒྱལ་ཁབ་དང་མི་རིགས། སྐད་ཡིག་དང་རིག་གནས། ཤ་མདོག་དང་གོམས་སྲོལ། ཆབ་སྲིད་ལམ་ལུགས། དཔལ་འབྱོར་ཡོང་འབབ་བཅས་ཀྱི་ཁྱད་པར་མི་འབྱེད་པར་ཐུན་མོང་གིས་བུད་མེད་ལ་བརྩི་མཐོང་དང་ཁེ་དབང་བརྩོན་ལེན་བྱེད་པའི་ཉིན་མོ་ཞིག་ཡིན་ལ། འཛམ་གླིང་རྒྱལ་ཁབ་ཁག་གི་བུད་མེད་ངལ་རྩོལ་བ་རྣམས་ཀྱིས་བུད་མེད་རྣམས་བཅིངས་འགྲོལ་ཐོབ་ཆེད་ཞི་བདེ་དང་དམངས་གཙོ་ལ་རྩོད་ལེན་བྱེད་པར་འཐབ་རྩོད་བྱེད་པའི་དུས་ཆེན་ཞིག་ཀྱང་ཡིན།
ལོ་བཅུ་ལྷག་གི་རིང་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐེངས་བཞི་ཡི་འཛམ་གླིང་རང་བཞིན་གྱི་ཚོགས་འདུ་བསྡུས་ཤིང་། དེས་རྒྱལ་སྤྱིའི་བུད་མེད་ལས་འགུལ་ལ་ཤུགས་སྣོན་བྱས་ཡོད། རྒྱལ་སྤྱིའི་བུད་མེད་ལས་འགུལ་སྤེལ་བའི་སྲོལ་ཚུགས་པ་དང་བསྟུན་ནས་བུད་མེད་དུས་ཆེན་ཀྱི་ཁེ་དབང་ལ་བདག་སྐྱོང་དང་བརྩི་བཀུར་ཐོབ་པར་གྲུབ་འབྲས་ལོན་ཞིང་དོན་སྙིང་ལྡན།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤྱི་ལོ༡༩༧༥ལོར་རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་འགོ་བཙུགས་ཏེ་དགའ་སྟོན་རྟེན་འབྲེལ་ཞུས་པར་མ་ཟད། བུད་མེད་དཀྱུས་མ་རྣམས་ཀྱིས་འདྲ་མཉམ་ལ་རྩོད་ལེན་དང་སྤྱི་ཚོགས་བྱ་འགུལ་ལ་ཞུགས་པར་དབང་ཆ་ཡོད་པའི་ཆོག་མཆན་བཀོད་དེ་གཏན་འཁེལ་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅིའི་ཕྱིར་ལོ་རེའི་ཟླ་༣་ཚེས་༨ཉིན་ནི་བུད་མེད་དུས་ཆེན་ལ་གཏན་འཁེལ་བྱས་པ་ཡིན་ཞེ་ན། དུས་ཀྱི་ངོས་ནས་དོན་སྙིང་འདི་འདྲ་ཡོད་དེ།
སྤྱི་ལོ༡༩༠༣ལོའི་ཟླ༣ཚེས༨ཉིན་ཨ་རིའི་ནིག་ཡོག་གྲོང་ཁྱེར་ནས་མི་གྲངས་ཆིག་སྟོང་ལྔ་བརྒྱ་ལྷག་གིས་ལས་མཚམས་བཞག་སྟེ། ངལ་རྩོལ་གྱི་དུས་ཚོད་ཇེ་ཐུང་དང་གླ་ཕོག་ཇེ་མཐོར་གཏོང་དགོས་པ་དང་། མང་ཚོགས་ལ་འདེམ་བསྐོའི་དབང་ཆ་ཡོད་པ་དང་བྱིས་པ་རྣམས་ངལ་རྩོལ་ལ་གཏོང་མི་ཆོག་པ། དཔལ་འབྱོར་ཁག་ཐག་དང་འཚོ་བའི་སྤུས་ཀ་ཇེ་ལེགས་སུ་གཏོང་དགོས་པར་ཁྲོམ་སྐོར་བྱས་ཤིང་། ཉིན་དེར་ཨ་རིའི་ཀྲེ་ཅ་ཀའུ་ཡི་བུད་མེད་བཟོ་པས་རང་དབང་དང་འདྲ་མཉམ་རྩོད་ལེན་བྱ་ཆེད་གཉེར་བའི་གཞི་རྒྱ་ཆེ་བའི་ལས་མཚམས་བཞག་སྟེ་ཁྲོམ་སྐོར་བྱས་པར་རྒྱ་ཆེའི་བུད་མེད་རྣམས་ཀྱིས་སྤྲོ་སེམས་ཆེན་པོས་དང་ལེན་བྱས་པ་རེད། དེར་བརྟེན་ཟླ་ལྔ་བའི་ནང་ཨ་རིའི་སྤྱི་ཚོགས་ཏང་གིས་ཟླ་གཉིས་པའི་གཟའ་འཁོར་ཆེས་རྗེས་མ་གཟའ་ཉི་མའི་ཉིན་རྒྱལ་ནང་གི་བུད་མེད་དུས་ཆེན་དུ་གཏན་འཁེལ་བྱས།
སྤྱི་ལོ་༡༩༡༠ལོའི་ཟླ༨པར་ཏེན་མག་གི་ཀེ་པུན་ཧ་ཀིན་དུ་རྒྱལ་སྤྱིའི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་སྐུ་ཚབ་ཚོགས་འདུ་ཐེངས་གཉིས་པའི་ཐོག་སྐུ་ཚབ་ཡོངས་ཀྱིས་ཚོགས་འདུའི་འགོ་ཁྲིད་འཇར་མན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་བ་ཚའེ་ཐེ་ཅིན་གྱི་བསམ་འཆར་ལ་མགྲིན་གཅིག་ཏུ་བརྩི་བཀུར་ཞུས་ཤིང་། ལོ་རེའི་ཟླ༣ཚེས༨ཉིན་འཛམ་གླིང་བུད་མེད་ཀྱི་འཐབ་འཛིང་དུས་ཆེན་ལ་མོས་མཐུན་བྱུང་བ་རེད།
རྒྱལ་ནང་བུད་མེད་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག སྤྱི་ལོ༡༩༢༤ལོར་ཀོང་ཀྲུའུ་རུ་ཐེངས་དང་པོར་མང་ཚོགས་རང་བཞིན་གྱི་གསུམ་བརྒྱད་དྲན་གསོའི་ཚོགས་འདུ་འཚོགས་པ་རེད།
ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྲིད་དོན་ཁང་གིས་༡༩༤༩ལོའི་ཟླ་བཅུ་གཅིག་པར་ཐག་གཅོད་བྱས་པ་ལྟར་ཟླ་༣ཚེས༨ཉིན་ནི་རྒྱལ་ཡོངས་བུད་མེད་ཀྱི་དུས་ཆེན་ཡིན་པ་གཏན་འཁེལ་བྱས་ཤིང་། ཉིན་དེར་རྒྱལ་ཡོངས་བུད་མེད་རྣམས་ལ་ཉིན་ཕྱེད་ཀའི་གནང་བ་ཡོད་པར་མ་ཟད། བུད་མེད་དུས་ཆེན་ལ་བྱ་འགུལ་སྣ་ཚོགས་སྤེལ་བ་དང་རྟེན་འབྲེལ་ཞུ་གི་ཡོད།
སྤྱི་ལོ་༡༩༧༧ལོའི་ཟླ་༡༢པར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐག་གཅོད་བྱས་པ་ལྟར། ཟླ་༣པའི་ཚེས་༨ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ཡོངས་ཀྱི་ཁེ་དབང་དང་ཞི་བདེའི་ཉིན་ཡིན་པར་གཏན་ཁེལ་བྱས་ཏེ་སྤྱི་ལོ་༡༩༧༥ནས་འགོ་བརྩམས་པ་ཡིན་ནོ། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10