འུ་ཅག་གི་མིག་དཔེར་བྱས་ན་ཆོག

ཁ་བ་རྐང་གླིང་།        2016-12-20

      བདེན་པའི་བུ་ཆུང་། བདེན་དོན་གྱི་རྒྱ་སྲང་ལ་འཇལ་བར་སྤྲོ་བའི་བུ་ཆུང་།  ཨ་མའི་མིག་ཟུང་ལྟ་བུའི་བུ་ཆུང་། འུ་ཅག་གིས་ལག་པའི་མཐེ་བོང་བསྒྲེང་ན་ཆོག་པའི་བུ་ཆུང་། ཁྱེད་ནི་ང་ཅག་གི་སེམས་པའི་ལྟེབས་ཁུག་ཏུ་འཁྱིལ་བའི་སངས་རྒྱས་རློན་པ་དེ་རེད། ཁྱེད་ནི་ང་ཚོས་བཀུར་བར་འོས་པའི་དཔོན་བཟང་པོ་ཟླ་མེད་དེའོ། 

      བྲག་རི་གཡང་གཟར་གྱིས་ཁེངས་པའི་རྐང་ལམ་གྱི་ཕ་གིར་ལྟོས་དང་། རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་བཞིན་རྐང་ལམ་དེད་ནས་ཕེབས་མཁན་འདི་འུ་ཅག་གི་བཀུར་བའི་ཉི་ཟླ་ལྟ་བུའི་བུ་བཟང་རེད། ཨོ། མ་རེད། ཁོང་ནི་མེས་རྒྱལ་གྱིས་ང་ཚོར་གནང་ཞིག་ང་ཚོ་རང་ཉིད་ཀྱི་མིག་འབྲས་དང་འདྲ་བར་གཅེས་པའི་དཔོན་བཟང་པོ་དེ་རེད། 

      ཁ་སང་། སྤྲང་པོ་དེ་ཚོ་ལྟོགས་ནས་འཆི་ལམ་དུ་ཕྱོགས་ནས་བསྐྱོད་ཅིང་འདུག དེ་རིང་ཤོག་སྒོར་ལ་བྱམས་སེམས་འགོས་ནས་སྦྱིན་སོང་། རང་ཉིད་ཀྱི་སེམས་པའང་སྡུག་བསྔལ་གྱིས་བཟི་ནས། སྡུག་བསྔལ་གྱི་མནར་གཅོད་ལ། བྱམས་སེམས་ཀྱི་བཀྲ་ཤིས་བརྩེགས་ཏེ། སངས་རྒྱས་ཀྱི་བདག་པོའང་། ངོ་སྐྱེངས་ཀྱི་རང་ཁྱིམ་དུ་འཛུལ་སོང་། 

      བདེན་སྐྱོང་གི་བུ་ཆུང་། ཕེབས་དང་། བདེན་པའི་ལམ་དུ་ཕེབས་དང་། ང་ཚོ་ནི་ཁྱེད་ཀྱི་ཞབས་རྗེས་ལ་ཅེར་ནས་བསྡད་ཡོད། ཞབས་རྗེས་འདི། ལོ་རྒྱུས་ཀྱི་རི་མོ་རུ་བྲིས་ཤིང་། ཤོག་བུ་དཀར་པོའི་ཟིན་ཐོ་རུ་འགོད་བཞིན་ཡོད།

      ཀྱེ་ཀྱེ། ང་ཅག་གི་བཀུར་བར་འོས་པའི་མི་བུ། ལམ་ནག་པོ་ནག་པོ་དེ་དག གོམ་པ་ཆེན་པོ་ཆེན་པོ་དེས་གཤགས་ནས། ལམ་དུ་འོད་གསལ་གྱི་སྒྲོན་མེ་སྦར་བར་མཛད་རོགས། 


  • ལེ་ཚན་སྔོན་མ།:ཀྱག་ཀྱོག་གི་མི་ཚེའི་ཟུར་གཅིག
  • ལེ་ཚན་རྗེས་མ།:རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་བྱུང་འཕེལ།