ཀྱག་ཀྱོག་གི་མི་ཚེའི་ཟུར་གཅིག

བཀྲ་ཤིས་ཆོས་ལྡན།        2016-12-19

      ཆར་ཞོད་དང་ལྷགས་རླུང་རྒོད་པོས་སྲིད་པ་ལྷབ་ལྷུབ་ཏུ་སྒུལ་བའི་དུས་ཚིགས་འདིར།  གལ་སྲིད་བདག་ལ་དམིགས་བསལ་གྱི་གོ་སྐབས་ཤིག་ཐོབ་པར་འགྱུར་ན་ངས་ཚེ་མཇུག་འདི་དོན་སྙིང་ཅན་ཞིག་ཏུ་བསྒྱུར་འདོད།    དེ་ནི་བདག་ལ་མཚོན་ན་མི་ཚེའི་ནང་གི་ཆེས་གལ་འགངས་ཆེ་བའི་འོད་ཀྱི་ལམ་བུ་ཞིག་ཡིན་ཆོག་ལ་ཡིན་ཀྱང་འོས།   མ་ཟད།  ངའི་ཤེས་རབ་ཀྱི་མིག་ཟུང་དང་རེ་ཞེན་གྱི་རྨི་ལམ་ཡང་ནམ་ཞར་དེའི་ཕྱོགས་སུ་འཁོར་གྱིན་ཡོད་ནའང་། ཞེ་སྨྲེང་བ་ཞིག་ལ་རིན་ཐང་འབར་བའི་བདག་གི་ཕུགས་འདུན་དེ་ནི།   རྨི་ལམ་གྱི་ཞིང་ཁམས་མྱུལ་བའི་སྒྱུ་འཕྲུལ་ཇི་བཞིན་ལར་ནས་མངོན་ཐུབ་ཀྱིན་མེད་སྟབས།    ངས་རྟག་པར་བདག་གི་གོ་སྐབས་དམིགས་བསལ་དེར་སེམས་ཁྲལ་བྱེད་ཀྱིན་ཡོད།

      བདག་གིས་མི་ཚེ་དོན་སྙིང་ཅན་ཞིག་ཏུ་བསྒྱུར་འདོད་ཅེས་པའི་རིན་ཐང་དེ་ནི།  ང་རང་ཉིད་ཙམ་ལ་མཁོ་བའི་མཆོང་བརྒལ་གྱི་རིན་ཐང་ཁྱད་པར་བ་ཞིག་ཡིན་པ་ལས་གཞན་ཅི་ཡང་མིན་སྐད།  དོན་དམ་པར།  ང་ནི་འཁོན་འཛིན་དང་འགྲན་རྩོད། རྒྱལ་ཕམ་དང་གཡོ་སྒྱུ་ཡིས་བཞེངས་པའི་ཁྱིམ་གཞིས་ལ་ཞེན་པ་གཏིང་ནས་ལོག་སྟེ།   སེར་མོ་བའི་སྡེ་རུ་འཚངས་པ་ཞིག་ཡིན་ཟེར་ན་བདེན་མི་སྲིད་ཀྱང་། འོན་ཏེ།   སྐྲ་ནག་པོ་བླ་མའི་ཕྱག་ཏུ་ཕུལ་ཞིང་། གོས་དཀར་པོ་ཨ་མའི་པང་དུ་གཡུག་པ་ལ་རྟགས་མཚན་ཅུང་ཟད་ཡོད་ལོས་དགོས་འདོད། ངས་འཚོལ་གྱིན་པའི་རིན་ཐང་ནི་མིང་དུ་གྲགས་པའི་གོ་གནས་ཤིག་དང་ལས་སྣེ་ཞིག་མ་ཡིན་ལ། འབུར་དུ་ཐོན་པའི་སྟོབས་འབྱོར་ཞིག་དང་མངའ་ཐང་ཞིག་གི་ཆེད་གཏན་ནས་མིན་ཙ་ན། ང་རང་ཉིད་སེར་མོ་བའི་སྡེ་རུ་འཚོ་ཞིང་རྒྱལ་བུ་དོན་གྲུབ་ཀྱི་རྗེས་སུ་སྙེག་པ་ནི། ངན་སོང་ལ་འཇིགས་ཤིང་འཁོར་བ་ལ་སྐྲག་པས་ཡིན་སྲིད། ངས་འཚོལ་བའི་མི་ཚེའི་རིན་ཐང་གི་ཐབས་ལམ་ནི། འཛམ་གླིང་གི་སྐྱེ་བོ་ཕོན་ཆེ་བའི་རིན་ཐང་འཚོལ་སྟངས་དང་རྦད་དེ་མི་འདྲ་བའི་ལམ་ཁ་ཞིག་ཏུ་གྲུབ།

      དེས་ན། ངས་འབད་པའི་མི་ཚེའི་རིན་ཐང་ནི་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ཚེ་འདི་སྟོང་ལོག་ཏུ་མ་སོང་བར་ཆོས་འཚོལ་བའམ་ལམ་སྒྲུབ་པའི་ལམ་ཁ་རིང་མོ་དེར་སྐྱོད་པའི་གོམ་སྟབས་དེ་ཡིན།

     ངས་ཐོད་བརྒལ་གྱི་སྤོབས་པའི་ངང་རྒྱབ་ལྗོངས་ཀྱི་གཞི་རྟེན་མེད་པའི་སྔར་བྱས་ལ་ལེ་བདའ་དང་། མདུན་སྐྱོད་ཀྱི་དྲོ་བ་དབེན་པའི་ད་བྱེད་ལ་འགྱོད་གདུང་བྱེད་ཀྱིན། རང་གི་མ་འོངས་པའི་མི་ཚེའི་རིན་ཐང་ལ་བསམ་གཞིགས་བཏང་མོད། ངས་ཐོབ་གོ་སར་སྡང་མིག་དང་རྒྱུ་འབྱོར་བ་ལ་རྡོག་རྫི་བྱེད་བཞིན་མི་ལ་རས་པ་དང་རྗེ་ཙོང་ཁ་པའི་མཛད་རྣམ་དྲན་ཞིང་ཡིད་སྨོན་ཡང་ཤོར་མོད། ད་དུང་རླངས་འཁོར་ཡག་པ་དང་གསེར་ཁྲི་སེར་པོ་ལ་ཕྱིར་བལྟས་མེད་པར།  ཆུང་མ་སྒེག་ལྡན་དང་རྒྱ་ཤོག་བརྩེགས་མར་སེམས་ཤོར་མེད་པར། བླ་བྲང་ཆེན་པོ་དང་བྲན་འཁོར་མང་པོ་ལ་སེམས་རེ་མེད་པར་ངེས་འབྱུང་དང་བྱང་སེམས། ཡང་དག་པའི་ལྟ་བ་གསུམ་ལ་ཤར་སྒོམ་བྱེད་མདོག་གིས་བདེ་བ་ཅན་དང་ཤམ་བྷ་ལ་གང་ཞིག་ཏུ་འཕུར་འདོད་ཆེ་རུང་།  ངའི་སེམས་དང་སེམས་བྱུང་ཡོད་ཚད་དཔལ་འབྱོར་དང་གོ་གནས། འཛུམ་མདངས་དང་དངུལ་ལོ་སོགས་ལ་སྦྲང་མ་གེ་སར་ལ་རོལ་བ་ཇི་བཞིན་ཟུག་ནས་ཡོད་པས། ངས་ཇི་ལྟར་བྱོལ་ཡང་དེ་དག་དང་འབྲལ་ཐབས་ཡེ་ནས་ཟད། རེད་དེ། ད་དུང་ཡང་། འདོད་ཡོན་དང་འབྲལ་དགོས་པའི་སྨོན་ལམ་རྒྱ་མཚོ་ལས་གཏིང་ཟབ། འདོད་ཡོན་དང་གྱེས་དགོས་པའི་ངུ་འབོད་ཡུངས་དཀར་ལས་གྲངས་མང་། འདོད་ཡོན་དང་རྩོད་འདོད་པའི་འདུ་ཤེས་རི་རྒྱལ་ལས་དཔང་མཐོ།

      ངས་རེས་སྐྱིད་རེས་སྡུག་གི་འཚོ་བའི་ཁྲོད་ནས་འབད་འབད་འབུངས་འབུངས་ཀྱིས་ཐོབ་པ་ནི། སླར་ཡང་དུག་སྦྲུལ་གྱི་ཚང་དང་མེ་མུར་གྱི་འོབས་ལྟ་བུའི་འཇིག་རྟེན་ནག་པོ་དེར་ངུ་དབྱངས་ཀྱིས་ཁྱབ་ཅིང་།     དུག་གསུམ་གྱི་ཁ་རླངས་འཁྲིགས་ཤིང་ཕྲག་དོག་གི་དམར་མདངས་དོད་པའི་སྲིད་པ་ཆེན་པོ་དེར།  སླར་ཡང་མགོ་བོ་གདུགས་བཞིན་འཁོར་ཞིང་མིག་ཟུང་རིལ་རིལ་དུ་ཅེར་བ་འདི་རེད།    དེར་བརྟེན།  ངས་ཇི་ལྟར་བྱས་ན་འཁོར་བ་ལས་ངེས་པར་འབྱུང་བའི་རབ་བྱུང་བ་སྤུས་དག་ཅིག་གི་རྣམ་ཤེས་ལ་བདག་དབང་བྱ་ཐུབ་བམ།     བཞེངས་པར་དཀའ་བའི་རབ་བྱུང་བ་རྣལ་མའི་སྤུས་ཀ་འདི།  དེང་གི་ཆར་གཟན་ཤམ་གོན་པའི་མགོ་རིལ་དག་གི་ཁྲོད་ན་ཇི་ཙམ་མཆིས་སམ།   འདི་ནི་རབ་བྱུང་བའི་ཉིན་མཚན་ལ་སྡོམ་ཚིག་བྱེད་པའི་རྩོམ་འབྲི་བ་ཞིག་གི་འགན་འཁྲི་དངོས་མ་དེ་མིན་ནམ།།



  • ལེ་ཚན་སྔོན་མ།:ཉི་སྟེན་མཛེས་ལྗོངས་ཀྱི་གཞན་ངོས་ཤིག་འཚོལ་བ།
  • ལེ་ཚན་རྗེས་མ།:འུ་ཅག་གི་མིག་དཔེར་བྱས་ན་ཆོག