ཉི་སྟེན་མཛེས་ལྗོངས་ཀྱི་གཞན་ངོས་ཤིག་འཚོལ་བ།

ཧོ་ཀྲི་ཧྥུས་བརྩམས། ཆོས་འཛིན་གྱིས་བསྒྱུར།        2016-12-15

ཉི་སྟེན་མཛེས་ལྗོངས་ཀྱི་གཞན་ངོས་ཤིག་འཚོལ་བ།

      སྟོན་ཚུགས་དུས། ཉི་སྟེན་མཛེས་ལྗོངས་ས་ཁུལ་གྱི་རི་ཀླུང་ཀུན་ཏུ་སེར་མདངས་རྒྱས་པ་དང་ཆུ་དྭངས་ཤིང་གསལ་ལ། གང་སར་ཤིང་ལོ་བྲུལ་ཞིང་འཁོར་བ་དང་། རི་ལམ་དུ་སྐྱོད་པའི་རྟ་དྲེལ་གྱི་དྲིལ་བུའི་སྐད་སྒྲ་དེ་སྔར་བཞིན་འཇམ་ཐིང་ངེར་རི་ཀླུང་ཀུན་ལ་ཁྱབ་སོང་། དུས་ཚིགས་འདིར་ལྗོངས་རྒྱུ་བ་སྔར་བཞིན་རྒྱུན་ཆད་མེད་ཅིང་མང་ཆེ་བ་ནི་པར་ཆས་ཁུར་ནས་པར་རྒྱག་མཁན་རེད།  འདུ་འཛི་ཅུང་ཆེ་ཙམ་ཡིན་རུང་ལྗོངས་རྒྱུ་བ་ཚོས་ཉི་ཟླ་སྐོར་སྐྱོད་ག་ཚད་བྱེད་རུང་ནམ་ཡང་འགྱུར་བ་མེད་པའི་རི་ཆུའི་མཛེས་ལྗོངས་ལ་ལྟ་ཞིང་དེ་དག་ལ་སྣང་འཇོག་བྱེད་ཁོམ་མི་འདུག

པར་རྒྱག་ས་ཡག་ཤོས་ཀྱི་ལམ་ཁ་ཟེར་བའི་བྲག་སྒང་ཡིན་ལ་ལྗོངས་རྒྱུ་བའི་འུར་སྒྲ་དེ་བས་མངོན་གསལ་ཆེ་ཞིང་། འདི་ན་ནས་ཕྱོགས་ག་ན་འགྲོ་ན་རང་གིས་གདམ་ག་བྱེད་དགོས། གཡས་ཕྱོགས་ལ་འགྲོ་ན་མཚོ་མགོ་དགོན་དང་སྒྲོལ་མ་ལྷ་མཚོ་ཡིན་ཞིང་སྤྱན་རས་གཟིགས་གནས་རིའི་ལྡོག་ཤར་གྲིབ་གཟུགས་མཚོ་ནང་ཤར་ས་ཡིན། སྒྲོལ་མ་ལྷ་མཚོ་དེ་སྤྱན་རས་གཟིགས་གནས་རིའི་འོག་ལ་ཡོད་ཅིང་སྤྱན་རས་གཟིགས་གནས་རི་དང་ཆེས་ཉེ་བ་ཡིན། མཚོ་ངོས་དང་སྤྱན་རས་གཟིགས་གནས་རིའི་གངས་འཁྱགས་འབྲེལ་ཡོད་པས། དེ་འདྲ་ལེགས་འཛོམས་དང་དངོས་གནས་ཀྱི་སྒོ་ནས་སྤྱན་རས་གཟིགས་གནས་རིས་ཁྱེད་ལ་སེམས་འགུལ་ཐེབས་སུ་འཇུག་པ་དེ་ས་ཆ་གང་ལ་མེད། གཡོན་ཕྱོགས་ལ་འགྲོ་ན་ལུང་པའི་ནང་འཇམ་དཔལ་དབྱངས་གནས་རི་མཇལ་འགྲོ་ས་ཡིན། འཇམ་དཔལ་དབྱངས་གནས་རིའི་མཛེས་ལྗོངས་མཇལ་ས་དེ་ཧ་ཅང་ངོ་མཚར་ཅན་ཞིག་ཡིན། གྲོག་རོང་གི་འཁྱགས་ཀླུང་དེ་སྙུང་དབྱིབས་ཅན་གྱི་གངས་རིའི་སྐེད་ལ་ཁྱབ་ཡོད། འཁྱགས་ཀླུང་འོག་གི་གངས་ཁྱབ་ས་ཁུལ་གྱི་ཟུར་གསུམ་ཅན་ལྡོག་གཟུགས་ཀྱི་རྡོ་ཕུང་གྲལ་སྒྲིག་ཆགས་ཡོད་པ་དང་དེའི་འོག་ལ་གངས་འཁྱགས་ཞུ་བའི་རྦབ་ཆུ་ཐུར་དུ་རྒྱུ་བ། གངས་རིའི་འོག་གི་ནགས་ཚལ་དང་སྤང་ལྗོངས། གྲོག་ཆུ་བཅས་མཐོང་བ་ཙམ་གྱིས་ཡིད་སེམས་འཕྲོག་ནས་ལོག་པའང་བརྗེད་དུ་གྱུར། མིག་མདུན་གནམ་ལ་ཐུག་པའི་ཕྱག་ན་རྡོ་རྗེ་གནས་རི་དེ་མཚོ་མགོའི་སྤང་ལྗོངས་ཀྱི་སྟོད་ལ་འགྱིང་ངེར་ལངས་ཤིང་། ཟུར་གསུམ་ཅན་གྱི་རི་རྩེ་ལ་ཨ་སྔོན་གནམ་གྱིས་རྒྱབ་ལྗོངས་བྱས་ཏེ་ཉེ་སར་བྲག་གཟེངས་དང་སྤང་ལྗོངས། ནགས་ཚལ། ཆུ་རྒྱུན། ནོར་ལུག་བཅས་ཀྱིས་ཕན་ཚུན་བརྒྱན་པའི་འོག་དཔོག་དཀའ་བའི་མཛེས་ཉམས་ཤིག་ཡོད་འདུག  ཉི་སྟེན་གྱི་གནས་རི་གསུམ་ལ་ནམ་རྒྱུན་གྱི་བཀོད་ལུགས་ནི་སི་ཁྲོན་ལྷོ་ནུབ་ཀྱི་འཕྲེད་རྒྱུག་རི་རྒྱུད་ཀྱི་གངས་དཀར་གླིང་ས་ཁུལ་དང་མཚོ་བོད་མཐོ་སྒང་དང་ཡུན་ནན་དང་ཀུའེ་ཀྲོའུ་མཐོ་སྒང་ས་ཁུལ་གཉིས་མཐུད་མཚམས་ཀྱི་སར་ཆགས་ཡོད་ཟེར་གྱི་ཡོད། འདི་ན་ཁྱད་འཕགས་ཀྱི་ས་གཤིས་དང་ས་ངོས་ཆགས་ཚུལ། སྐྱེ་དངོས་སྣ་མང་རང་བཞིན་བཅས་ཀྱི་རྐྱེན་གྱིས། དུས་རབས་བཅུ་དགུ་པའི་དུས་འབྲིང་རིམ་དང་མཇུག་མ་ནས་བཟུང་། རིམ་བཞིན་ནུབ་ཕྱོགས་ཀྱི་ཚན་རྩལ་པས་མཐོང་ཆེན་བྱེད་ཡུལ་དུ་གྱུར།སྔོན་རྗེས་སུ་དབྱིན་ཇི་དང་ཧྥ་རན་སེའི་མྱུལ་དཔྱད་རུ་ཁག་འཕྲེད་རྒྱུག་རི་རྒྱུད་ཀྱི་ལུང་པ་དང་རི་མགོ་ཚང་མར་ཕལ་ཆེར་འགྲོ་ཚར་མོད། འོན་ཀྱང་ཡ་མཚན་ཆེ་བ་ནི་ཉི་སྟེན་ལ་འགྲོ་མྱོང་མཁན་གཅིག་ཀྱང་མེད། ཁོ་ཚོ་ཐེངས་མ་འགའ་ཞིག་ཉི་སྟེན་དང་ཧ་ལམ་ཉེ་བའི་སར་འགྲོ་ནའང་། མཐར་ཉི་སྟེན་ལ་འགྲོ་བའི་གོ་སྐབས་ཤོར་སོང་། དེ་ནས༡༩༢༨ལོའི་ཉིན་ཞིག་ལ་ཕྱི་རྒྱལ་བ་ཞིག་ཉི་སྟེན་ལ་སླེབས་སོང་། མི་དེ་ནི་ལུའོ་ཁེ་རེད། ༡༩༢༦ལོར། མུ་ལི་རྒྱལ་པོ་རྩད་འཚོལ་བྱེད་པའི་ལམ་རྒྱུད་དུ་ལུའོ་ཁེས་རྒྱང་རིང་ནས་གངས་དཀར་རིགས་གསུམ་མགོན་པོ་མཐོང་བ།ང་ཚོས་ནམ་རྒྱུན་བཤད་པའི་ཉི་སྟེན་གྱི་གནས་རི་གསུམ།གཤམ་ནི་ཁོས་གངས་རི་འདི་མཐོང་རྗེས་བྲིས་པའི་ཡི་གེ་རེད། ༡༩༢༦ལོར། མུ་ལི་རྒྱལ་པོ་རྩད་འཚོལ་བྱེད་པའི་ལམ་རྒྱུད་དུ་ཁོ་བོས་གངས་རི་དེའི་རྩེ་གཅིག་མཐོང་བྱུང་། དེ་རྒྱང་རིང་གི་གངས་རི་མང་པོའི་གོང་ལ་འགྱིང་ངེར་ལངས་པ་ཞེས་བཀོད་ཡོད། ལོ་གཉིས་རྗེས་ཀྱི༡༩༢༨ལོར། ལུའོ་ཁེ་དེར་ཕྱིན་པས་འཛམ་གླིང་གིས་གཞི་ནས་ཉི་སྟེན་ཡོད་པ་ཤེས་སོང་། ལུའོ་ཁེ་ཉི་སྟེན་དུ་འགྲོ་བའི་རྒྱུ་མཚན་ནི་ལོ་གཉིས་ཀྱི་སྔོན་དུ་རྒྱང་རིང་ནས་རིགས་གསུམ་མགོན་པོའི་རྩེ་གཅིག་མཐོང་བའི་དབང་གིས་བསྐུལ་བ་རེད།

ཉི་སྟེན་མཛེས་ལྗོངས་ཀྱི་གཞན་ངོས་ཤིག་འཚོལ་བ།

      ད་ལྟར་ང་ཡང་འདི་ནར་སླེབས་སོང་། མདུན་དུ་ཕྱོགས་ག་ན་འགྲོ་རྒྱུའི་གདམ་ག་བྱེད་དུས། རང་ཉིད་ཁེར་རྐྱང་གི་སྣང་ཚུལ་ཞིག་ཏུ་གྱུར་སོང་། ཁེར་རྐྱང་ཞེས་པ་དེ་རོགས་བྱེད་མཁན་མེད་པ་མ་ཡིན། ཁོ་བོའང་མང་པོ་འགྲོ་ཕྱོགས་དང་བསྟུན་ནས་མཚོ་དང་གནས་རི་མཇལ་བའམ། མ་ཎི་རྡོ་འབུམ་མཇལ་བ། ཡང་ན་སྤང་ལྗོངས་ཐོག་ལ་འཇམ་ཐིང་ཐིང་ཉལ་ནས་རི་ནང་གི་མཁའ་རླུང་གསར་པ་དབུགས་རིང་བཏང་ནས་རྔུབ་འབྱིན་བྱེད་ཆོག་མོད།འོན་ཀྱང་རང་གི་བསམ་ཚུལ་དེ་བཀག་ཐབས་མེད་པར་རྒྱུས་ཤེས་གཏིང་ཟབ་བྱེད་བསམ་པའི་སྣང་ཚུལ་ཞིག་ཏུ་གྱུར་སོང་། ལོ༨༠སྔོན་ལུའོ་ཁེ་འདི་ནར་སྐྱོད་པ་དང་བསྡུར་ན། ང་ཚོ་འདི་ནར་ཡོང་བ་ནི་ལས་སླ་མོ་ཞིག་མ་རེད་དམ། ལོ་རྒྱུས་བཀོད་པར་གཞིགས་ན། ལུའོ་ཁེ་དེ་ལོར་འདོད་པ་ལྟར་ཉི་སྟེན་དུ་འགྲོ་ཐུབ་པ་ནི་ཁོ་དང་མུ་ལི་རྒྱལ་པོའི་བར་འབྲེལ་བ་ཡག་པོ་ཡོད་པ་དང་ས་ཁུལ་འདིར་མུ་ལི་རྒྱལ་པོའི་ཤུགས་རྐྱེན་ཆེན་པོ་ཡོད་པ་ལས་ཕན་ཐོགས་པ་རེད། དེའི་རྒྱུ་མཚན་ནི་གངས་དཀར་གླིང་ས་ཁུལ་འདིར་དེ་དུས་ས་གནས་ཀྱི་བཙན་པོ་དབང་ཤེད་དང་ཇག་པས་བཟུང་བ་དང་བཙན་འཛུལ་ཟིང་སློང་བྱེད་ཀྱི་ཡོད་པས། ཕྱི་མི་སུ་ས་ཁུལ་འདིར་ཡོང་ན་སྲོག་ཉེན་གྱི་འགན་སྲུང་གང་ཡང་མེད། ༡༩༢༨ལོའི་ཟླ་བ༣པར། ལུའོ་ཁེ་དང་ཨ་རིའི་རྒྱལ་ཁབ་ཀྱི་ས་ཁམས་རིག་པའི་མཐུན་ཚོགས་ཀྱི་གྲུབ་མི་གཉིས་མུ་ལིར་ཡོང་ནས་མུ་ལི་རྒྱལ་པོར་ཁོ་ཚོ་འདབ་པའི་གངས་དཀར་གླིང་རི་རྒྱུད་ལ་རྟོག་ཞིབ་བྱེད་པར་འགྲོ་བར་རོགས་རམ་བྱེད་རོགས་ཞུ། ཉི་སྟེན་དུ་རྟོག་ཞིབ་བྱ་རྒྱུའི་འཆར་གཞི་སྐོར་གླེང་དུས། མུ་ལི་རྒྱལ་པོས་ཁོ་ཚོར་གསུངས་དོན། ས་ཁུལ་འདི་ལ་གངས་དཀར་རིགས་གསུམ་མགོན་པོ་ཟེར་ཞིང་བོད་ཀྱི་ཆོས་ལུགས་ལ་གཞིགས་ན། ཕྱག་ན་རྡོ་རྗེ་དང་འཇམ་དཔལ་དབྱངས། སྤྱན་རས་གཟིགས་མགོན་པོ་གསུམ་དེ་གའི་བརྗིད་ཉམས་ལྡན་པའི་གངས་རི་རྩེ་གསུམ་ལ་བཞུགས་ཡོད། གངས་རི་དེ་གསུམ་ནི་གངས་དཀར་གླིང་མཐའ་སྐོར་ཡུལ་མིའི་ཡུལ་ལྷ་གཞི་བདག་ཡིན་པས། ཕྱི་མི་གང་ས་ཁུལ་འདིར་ཕྱིན་ན་འཕྲོག་བཅོམ་བྱས་རྗེས་བསད་ངེས་རེད། ཡིན་ན་ཡང་གངས་དཀར་གླིང་ས་ཁུལ་གྱི་ཇག་དཔོན་ལ་བདེ་ལམ་སྐྱིད་གསུམ་འཕེལ་ཟེར། མུ་ལི་རྒྱལ་པོས་ཁོ་ལ་རང་ཉིད་ཀྱི་ས་ཁོངས་བརྒྱུད་ནས་སི་ཁྲོན་མངའ་ཁོངས་ནང་གི་ཚོ་ཁག་གཞན་ལ་ཕར་རྒོལ་བྱས་བཅུག་པས་འབྲེལ་བ་ཡག་པོ་ཡིན། དེ་ནས་ལུའོ་ཁེས་རེ་བ་ཞུས་རྗེས། མུ་ལི་རྒྱལ་པོ་སྐུ་ངོ་མས་གངས་དཀར་གླིང་གི་ཇག་དཔོན་བདེ་ལམ་སྐྱིད་གསུམ་འཕེལ་ལ་ཡི་གེ་བསྐུར་ནས་ཨ་རིའི་རྟོག་ཞིབ་རུ་ཁག་ཅིག་གངས་དཀར་རིགས་གསུམ་མགོན་པོའི་མཐའ་སྐོར་དུ་རྟོག་ཞིབ་བྱེད་པར་འགྲོ་དགོས་པས་ཇག་པ་ཚང་མས་དེར་བར་ཆོད་རྒྱག་མི་ཆོག་ཅེས་བཙན་བཀའ་གནང་བ། ཡུན་མི་རིང་བར་བདེ་ལམ་སྐྱིད་གསུམ་འཕེལ་གྱིས་ཡིག་ལན་བསྐུར་ཡོང་ནས་ལུའོ་ཁེ་དང་བཅས་པ་རྟོག་ཞིབ་བྱེད་པར་འགྲོ་བར་འདོད་མཐུན་བྱས་ཤིང་ཁོ་ཚོར་ཉེན་ཁ་མེད་པར་འགན་སྲུང་བྱས། དེའི་རྐྱེན་གྱིས་ལུའོ་ཁེ་ལེགས་འགྲུབ་ཡོང་བ་རེད། དུས་རབས་དེའི་ཉི་སྟེན་མ་གཞི་ནས་ཇག་པ་འདུས་པའི་རི་རྒོད་ཐང་སྟོང་ཞིག་ཡིན་པས་སྤྱིར་བཏང་གི་མི་དེར་ལས་སླ་མོར་འགྲོ་མི་ཐུབ་པ་རེད། ༡༩༢༨ལོའི་ལོ་སྨད་ལ། ལུའོ་ཁེས་ཡང་བསྐྱར་གངས་དཀར་གླིང་རི་རྒྱུད་ལ་རྩད་ཞིབ་བྱེད་པར་འགྲོ་བསམས། ཁོ་ཚོ་འདབ་པ་ས་ཁོངས་སུ་འགྲོ་བའི་ལམ་བར་དུ་བང་ཆེན་ཞིག་གིས་མུ་ལི་རྒྱལ་པོའི་ཡི་གེ་ཁུར་ནས་རྗེས་ཟིན་ཡོང་བ། མུ་ལི་རྒྱལ་པོས་ཡི་གེ་ནང་ཁོ་ལ་དེ་ནར་འགྲོ་བའི་འཆར་གཞི་བསྐྱུར་དགོས་ཟེར། རྒྱུ་མཚན་ནི་ལུའོ་ཁེའི་རྟོག་ཞིབ་རུ་ཁག་སྔོན་གྱི་ཐེངས་མ་གཉིས་གནས་རི་ས་ཁུལ་ལ་རྟོག་ཞིབ་བྱས་ནས་ཡུན་མི་རིང་བར། ས་ཁུལ་དེར་སེར་དྲག་ཆེན་པོ་བརྒྱབ་ནས་ཞིང་ནང་གི་ནས་ཚང་མ་གཏོར་བས། ཡུལ་མི་ཚོས་བལྟས་ན་དེ་ནི་ལུའོ་ཁེ་དང་བཅས་པས་ཡུལ་ལྷ་གཞི་བདག་ལ་ཕོག་ཐུག་བཏང་བས་གཞི་བདག་ཁྲོ་བའི་ཚུལ་བསྟན་པ་རེད་བསམས། གངས་དཀར་གླིང་གི་ཇག་དཔོན་གྱིས་གལ་ཏེ་ལུའོ་ཁེ་དང་བཅས་པ་ད་དུང་ཁོའི་ས་ཁོངས་སུ་ཡོང་ཕོད་ན། ཁོས་མུ་ལི་རྒྱལ་པོའི་བཀའ་ལའང་མི་ཉན་ནས་འཕྲོག་བཅོམ་བྱས་ཏེ་གསད་རྒྱུ་ཡིན་ཞེས་བཤད། ལུའོ་ཁེས་ཇག་པ་ཚོའི་གདུག་རྩུབ་ཀྱི་སྤྱོད་པར་རྒྱུས་ཡོད་པས་མུ་ལི་རྒྱལ་པོས་ཟེར་བ་བཞིན་ཉན་པ་རེད། དེ་འདྲ་བྱས་ཏེ་གངས་དཀར་གླིང་ས་ཁུལ་དུ་ཡང་བསྐྱར་སྒོ་བཀག་རྒྱག་སོང་བས། ལུའོ་ཁེ་དང་བཅས་པ་དེ་ནས་བཟུང་ཉི་སྟེན་དུ་འགྲོ་མ་མྱོང་བ། དེ་དུས་ཀྱི་ལོ་རྒྱུས་དེ་དག་གོ་རྗེས། ང་ཚོས་འདི་ནའི་རང་བྱུང་སྐྱེ་ཚལ་གྱི་ཁོར་ཡུག་རྒྱུན་རིང་གི་སྲུང་སྐྱོང་བྱུང་བའི་རྒྱུ་མཚན་འགའ་ཞིག་ལ་གོ་བ་ལོན་ཐུབ་ཀྱི་རེད།

ཉི་སྟེན་མཛེས་ལྗོངས་ཀྱི་གཞན་ངོས་ཤིག་འཚོལ་བ།

      ད་སང་ང་ལ་སོགས་པ་ནི་དངོས་གནས་རི་ཆུ་ཡུལ་ལྗོངས་ལྟ་སྐོར་འགྲོ་བ་པོ་ཤ་སྟག་ཡིན་ཞིང་ལས་སླ་པོར་ཉི་སྟེན་དུ་འགྲོ་ཐུབ་པ་བྱུང་བ་ནི་དེང་རབས་ཀྱི་འགྲིམ་འགྲུལ་ཡོ་བྱད་དང་དེང་རབས་ཀྱི་སྒྲིག་བཀོད་ཀྱི་ཕན་ཐོགས་པ་ནི་བཤད་མ་དགོས་པ་རེད། དེ་ནི་ཉི་སྟེན་གྱི་མཛེས་ལྗོངས་ས་ཁུལ་དུ་སླེབས་རྗེས་རང་གིས་བསམ་བློ་གཏིང་ནས་གཏོང་བའི་རྒྱུ་མཚན་ཡིན། དེང་རབས་ཅན་དེ་རིགས་འཇུག་པ་དེ་ཉི་སྟེན་ལ་སྲུང་སྐྱོང་ཡིན་ནམ་གཏོར་སྐྱོན་རིགས་ཤིག་ཡིན་པ་དེར་སུས་ཀྱང་བསམ་བློ་གཏོང་གི་མ་རེད་ལ་དབྱེ་ཞིབ་ཀྱང་བྱེད་ཀྱི་མ་རེད། འདི་ནི་གང་ལྟར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དུས་རབས་ཤིག་ཡིན་པས། ལྗོངས་རྒྱུ་འཕེལ་རྒྱས་གཏོང་བ་ནི་དངོས་ཡོད་སྤྱི་ཚོགས་ཀྱི་དགོས་མཁོ་ཡིན། གནད་དོན་ནི་ལུས་ཕུང་སྐྱེ་ཁམས་ཀྱི་མཛེས་ལྗོངས་སུ་སྐྱོད་པ་དང་བསམ་པའང་དེར་བསྐྱོད་རྒྱུའི་བར་ལ་གང་ལྟར་འདུམ་ཐབས་མེད་པའི་འགལ་བ་ཞིག་བྱུང་བ། བསམ་བློ་ཐེངས་མང་བཏང་རུང་གོ་བ་མི་ལོན་པའི་སྐབས་འདིར། ངས་མུ་ལི་ནས་ཉི་མ་འགའ་རྐང་ཐང་གིས་ཉི་སྟེན་ལ་འོང་བའི་དེང་རབས་ཀྱི་རྩད་ཞིབ་བྱེད་མཁན་ལྗོངས་རྒྱུར་དགའ་བའི་ཚོ་གཅིག་དང་ཐུག་བྱུང་། བཤད་སྲོལ་ལ་གཞིགས་ན།ཁོ་ཚོ་ནི་སྔོན་མ་ལུའོ་ཁེ་ཉི་སྟེན་དུ་འོང་བའི་ལམ་རྙིང་པ་བརྒྱུད་ནས་ཡོང་བ་ཡིན་ཟེར། ད་སང་ལྗོངས་རྒྱུ་བ་མང་ཤོས་འདི་ནར་ཡོང་བ་དང་སྔོན་ཆད་ལུའོ་ཁེ་འདི་ནར་ཡོང་བར་སྤྱོད་པའི་འགྲིམ་འགྲུལ་གྱི་ཡོ་བྱད་རྩ་བ་ནས་མི་འདྲ།སྔོན་མ་ནི་རྐང་ཐང་དང་ཡང་ན་རྟ་ཞོན་པ། ད་ལྟར་ནི་རླངས་འཁོར་ལ་སྡོད་པ་དང་ཐ་ན་གནམ་གྲུར་སྡོད་པ་ཡིན། འདབ་པའི་གནམ་གྲུ་ཐང་ཤར་གཏོང་བྱེད་ཚར་བ།དེ་གཉིས་འགྲོ་བའི་ཕྱོགས་ཀྱང་ཏག་ཏག་ལྡོག་ཕྱོགས་ཡིན། ང་ཚོས་ས་གཤིས་ལ་རྟོག་ཞིབ་ཅུང་ཙམ་བྱས་ན་གསལ་པོ་ཤེས་པ་སྟེ། མིག་མདུན་དུ་འགྱིང་ངེར་ལངས་པའི་ཕྱག་ན་རྡོ་རྗེ་གནས་རི་དེ་དོན་དངོས་སུ་ཉི་སྟེན་དང་མུ་ལི་ས་ཁུལ་གྱི་ས་མཚམས་ལ་གནས་ཡོད། ཤར་ཕྱོགས་ནས་སྐྱོད་ན། ཨང་དང་པོ་མཐོང་བ་དེ་ཕྱག་ན་རྡོ་རྗེ་གནས་རི་ཡིན་ཞིང་ནུབ་ཕྱོགས་ནས་སྐྱོད་ན། ཨང་དང་པོ་མཐོང་བ་དེ་ནི་སྤྱན་རས་གཟིགས་གནས་རི་ཡིན་ནོ།། བྱ་བ་འགའ་ཞིག་དེའི་རྒྱུ་མཚན་རྩད་གཅོད་བྱ་རྒྱུ་མེད་ལ་བྱེད་ཐབས་ཀྱང་མེད་པ། དོན་དངོས་ཐོག་སྔར་བཞིན་མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་ལ་ཐུག་ཡོད། གང་ཐུབ་ཀྱིས་སྲུང་སྐྱོང་བྱ་རྒྱུ་ཡིན་ནམ། ཡང་ན་ཅི་བྱ་གཏོལ་མེད་ཀྱིས་སྣང་མེད་དུ་གཏོར་སྐྱོན་གཏོང་བ་ཡིན་ནམ། ཉི་སྟེན་མཛེས་ལྗོངས་ས་ཁུལ་གྱི་སྲུང་སྐྱོང་བྱེད་ཐབས་སྔོན་ཐོན་ཡག་པོ་རེད་དཔེར་ན། སྤང་ལྗོངས་ཐོག་གི་ཟམ་ལམ་དང་ལྡིང་ཁང་བར་ཁྱམས་ལ་སོགས་པ་རེད། ང་ཚོར་ད་དུང་བློ་མི་བདེ་ནས་རང་ལ་སྐྱོན་འཛུགས་བྱེད་དགོས་ས་ཅི་ཡོད།

ཉི་སྟེན་མཛེས་ལྗོངས་ཀྱི་གཞན་ངོས་ཤིག་འཚོལ་བ།

      ན་ལོའི་སྟོན་མཇུག་ཏུ། ངའི་པར་རྒྱག་གྲོགས་པོ་ཚོ་གཅིག་རི་མཐོའི་གྲང་ངར་མི་འཛེམས་ནས་སྟབས་ལེགས་པར་ཉི་སྟེན་ལ་ཡོད་པའི་རི་དྭགས་གནའ་བའི་པར་ཁག་ཅིག་རྒྱག་རྒྱུ་རག་འདུག  དེས་སེམས་ཁྲལ་བྱེད་པའི་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། དེ་ནི་ཉི་སྟེན་གྱི་གནམ་གྲང་ས་འཁྱག་གི་དགུན་དུས་ཡིན་ཞིང་ལྗོངས་རྒྱུ་བ་ཧ་ལམ་མཐོང་རྒྱུ་མེད་པས། གནའ་བ་ཚོ་བྲག་ལམ་ཐོག་ལངས་ཤིང་བརྩེ་དུང་ཟབ་པོའི་ངང་ཕྱིར་བལྟས་བྱེད་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་རི་ཀླུང་ཆུ་ཕྲན་རྒལ་བའི་བདེ་ལྕག་འཁྱུག་པོའི་གཟུགས་བརྙན་མཐོང་། ཉིན་དེར་ཁོ་ཚོས་ད་དུང་ཁྲོན་བོད་མཐོ་སྒང་ཐོག་མཐོང་དཀོན་པའི་འཁྱགས་ཟིལ་གྱི་འཇའ་ཤར་བ་མཐོང་བ་དང་། སྐྱེ་ཁམས་དེ་རང་བྱུང་ཁམས་ཀྱི་རང་བཞིན་དུ་འགྱུར་འཇུག་དགོས། གལ་ཏེ་མི་དང་རི་དྭགས་བར་འཆམ་མཐུན་ཡོང་བ་དང་། གལ་ཏེ་མི་དང་རང་བྱུང་ཁམས་བར་བསམ་ཤེས་ཡོད་པ་ཡིན་ན། གལ་ཏེ། གལ་ཏེ། ཉི་སྟེན་གྱི་འབྱུང་འགྱུར་ལ་རེ་བ་བྱེད་པའི་ཐད་ངའི་བསམ་ཚུལ་སྐད་ཅིག་ཉིད་ལ་གསལ་ལམ་མེར་གྱུར་སོང་།

      དངོས་གནས་ཀྱི་མཛེས་ལྗོངས་མཐོང་དུས་མི་ཡིས་རང་དབང་མེད་པར་སྐད་ཤོར་གྱི་རེད། འོན་ཀྱང་བསམ་བློ་གཏིང་ནས་གཏོང་བ་དེ་གནོན་ཐུབ་ཀྱི་མ་རེད།


  • ལེ་ཚན་སྔོན་མ།:སེམས་སྟེང་གི་ཤམ་བྷ་ལ།
  • ལེ་ཚན་རྗེས་མ།:ཀྱག་ཀྱོག་གི་མི་ཚེའི་ཟུར་གཅིག