སེམས་སྟེང་གི་ཤམ་བྷ་ལ།

སྐལ་བཟང་སྒྲོན་མེས་བརྩམས། ཆོས་འཛིན་གྱིས་བསྒྱུར།        2016-12-13

      ཕ་ཡུལ་ནི་མ་ཡུམ་ཡིན། ཕ་ཡུལ་ཡོད་པས་ན། ང་ལ་ཚེ་འདིའི་མི་ལུས་ཐོབ་པར་མ་ཟད། ཚེ་སྲོག་ལ་ཕ་ཡུལ་གྱི་རི་ཆུ་དང་སྙིང་སྟོབས་ནས་འཚོ་བཅུད་དང་སྲུང་སྐྱོང་། བྱམས་བརྩེ་ཚད་མེད་བཅས་ཐོབ་ཅིང་། ད་དུང་ཕ་ཡུལ་ནས་རྣམ་ཤེས་དང་དད་པའི་ཡིད་བཞིན་ནོར་བུ་ཐོབ་བོ།།

      ཕ་ཡུལ་དྲན་པ་ཙམ་ལ། མིག་སྔར་ཤོར་ཆུ་དང་དམར་ཆུ། ལྡིང་ཆུ་སྤུན་གསུམ་གྱིས་ལག་གདང་སྦྲེལ་ནས་མཉམ་དུ་ཁམས་ལྷོའི་ས་གཞི་ཆེན་པོའི་རི་ཀླུང་ལ་རྒྱུ་བའི་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཤར་བ། ཆུ་བོ་འགྲམ་གཉིས་ལ་དཀར་རྒྱན་ཁང་པའི་སྡེ་ཚོ་ཐར་ཐོར་རན་པོ་གང་སར་གྲམ་ནས་ཆགས་ཡོད་ཅིང་། དངོས་གནས་ཕྱག་ནང་གི་ཕྲེང་མ་ལྟ་བུ་ཡིན་པས་ན། མི་ཚོས་ཕྱག་ཕྲེང་གི་ས་མིང་ཡང་དེ་ནས་ཐོབ་པ་རེད་ཅེས་བཤད། ཡང་མི་ལ་ལས་ཕྱག་ཕྲེང་གི་ས་མིང་དེ་ཆ་ཕྲེང་ལ་གོ་དགོས་ཟེར། དེ་ནི་ཕྱག་ཕྲེང་གི་ལུང་པ་ཆགས་ལུགས་ནི་ཆུ་བོ་དེ་ཕྲེང་སྐུད་དང་འགྲམ་གཉིས་ཀྱི་སྡེ་ཚོ་ཕྲེང་མ་ཆ་ལྟར་ཆགས་ཡོད་པའི་རྐྱེན་གྱིས་རེད།

      ཕ་ཡུལ་དྲན་པ་ཙམ་ལ།ངས་ཡང་མཐོན་མཐིང་གི་གནམ་མདོག་འོག་མཐོ་གཟར་གྱི་རི་བོའི་ཡང་རྩེ་དང་ལྗང་ནག་གི་ནགས་ཚལ། རྩྭ་ནག་བར་གསེབ་ཀྱི་སྤང་ལྗོངས། གསལ་ལྷང་ལྷང་གི་ཉི་འོད། སྐམ་ཤས་ཆེ་བའི་མཁའ་རླུང་། མི་རྣམས་ཀྱི་མཛའ་བརྩེའི་ཞལ་འཛུམ་བཅས་མཐོང་གི་ཡོད།

      ཕ་ཡུལ་དྲན་པ་ཙམ་ལ། ངས་ལོ་རྒྱུས་ཀྱི་དུ་ཞག་ས་རྡུལ་ནང་བསྐྱོད་པའི་ཨ་མེས་མང་པོ་ཞིག་ཡང་དུ་མཐོང་བྱུང་།

      སློབ་དཔོན་པདྨ་འབྱུང་གནས་ངའི་ཕ་ཡུལ་ནས་བྱོན་དུས། ཞབས་རྗེས་རེ་ལ་པད་མ་རེ་སྐྱེས་པས། ཐ་ད་སང་ཤོར་ཆུ་འགྲམ་གྱི་པད་མ་འབྱུང་གནས་ཚང་གི་སྒོ་རའི་ནང་ཡ་མཚན་གྱི་པད་མ་སྐྱེས་ཡོད།

གདོང་གསུམ་ཤང་ཆུ་བཟང་སྒང་གི་མི་སེར་གྱི་བུ་རྒྱུད་སངས་རྒྱས་འཆི་མེད་ཞང་པོ་དང་མཉམ་དུ་ཐག་རིང་པོ་ལྷ་སར་མཆོད་མཇལ་འགྲོ་དུས།མཁའ་འགྲོ་མས་སྤྲུལ་པའི་མ་ཡུམ་ཞིག་གིས་འོ་མ་ཕོར་པ་གང་ཁྱེར་ཡོང་ནས་ཁོ་ལ་སྐྱེལ་མ་གནང་།སངས་རྒྱས་འཆི་མེད་ལ་སེམས་འགུལ་ཆེན་པོ་ཐེབས་ནས་བཀྲ་ཤིས་ཀྱི་བྱིན་རླངས་ལྡན་པའི་འོ་མ་དེ་བཏུང་རྗེས།མ་ཡུམ་དེས་མ་འོང་སྔོན་མཐོང་གི་ལུང་བསྟན་ནས་ཨ་མའི་བུ་ལ་ཡོན་ཏན་ཡོད་གྱུར་ན།དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་གསུངས་སོ།། དེ་ནས་སངས་རྒྱས་འཆི་མེད་ཀྱིས་སེ་འབྲས་དགའ་གསུམ་ལ་རིག་པ་བསྒྲིམས་ནས་ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་འབད་བརྩོན་སྦྱངས་མཐར་བླ་ན་མེད་པའི་དགའ་ལྡན་ཁྲིར་བཞུགས་ཐུབ་པ་བྱུང་ནས་དགའ་ལྡན་ཁྲི་པར་གྱུར།དེ་ནས་ཁྲི་བྱང་རིན་པོ་ཆེའི་སྤྲུལ་སྐུ་གདུང་རབས་བྱུང་།

      ཀརྨ་པ་ཕྱག་ཕྲེང་ནས་བྱོན་དུས།ཕྲེང་ལྡོག་གཉིས་ལྕགས་རྭའི་འཆི་མེད་ཚང་གི་ཁྱིམ་ལ་ལུས།དེའི་རྒྱུ་མཚན་གྱིས་ཀརྨ་པས་གསོལ་བ་བཏབ་ནས་སྨོན་ལམ་འདེབས་པས།ཡུན་མི་རིང་བར་ཕྲེང་མ་ལྷུང་སར་ལྗང་ནག་གི་བྱང་ཆུབ་ཤིང་ཞིག་སྐྱེས་ནས་དེ་ལ་བྱང་ཆུབ་འབྲས་བུ་མང་པོ་བཏགས།འཆི་མེད་ཚང་གི་ཁྱིམ་མིས་བྱང་ཆུབ་འབྲས་བུ་བརྒྱུས་ནས་ཁྱད་པར་ཅན་གྱི་ཕྲེང་མ་ཞིག་བཟོ་དུས།མི་རྣམས་ཀྱིས་ཆུ་བོ་འགྲམ་གཉིས་ལ་བྱང་ཆུབ་ཤིང་གྲངས་མེད་པར་སྐྱེ་བར་མཐོང་།དེ་ནས་ཕ་ཡུལ་གྱི་མི་རྣམས་ཀྱིས་ཁང་པར་ས་དཀར་གྱི་དཀར་རྩི་བཏང་ནས་ཁང་པའི་དཀར་རྒྱན་བྱས་ཏེ་ཀརྨ་པའི་མཛད་རྗེས་དང་བཀའ་དྲིན་ལ་གུས་པའི་བསྟོད་འབུལ་ཞུས།ད་ལྟར།ཁྱུང་མིག་འདྲ་བའི་བྱང་ཆུབ་འབྲས་བུ་དང་ཚེར་ཤིང་ཟུར་བཞི་ཅན་གྱི་བྱང་ཆུབ་འབྲས་བུ་སོགས་ནི་མི་སེར་གྱི་ཡོང་འབབ་འཕར་སྣོན་ཡོང་ས་ཞིག་ཏུ་གྱུར།

      མཐོ་ཞིང་གཙང་བའི་སྒྲོ་མདོག་རྩྭ་ཐང་ཐོག།དབྲ་ཁོག་ཚང་ལ་ཁྱེའུ་ཞིག་འཁྲུངས་དུས་ལྟས་བཟང་སྣ་ཚོགས་བྱུང་བ་སྟེ།མཁའ་ལ་འཇའ་ཚོན་དང་ས་གཞི་འཇམ་ཐིང་ངེ་།བླ་ན་མེད་པའི་དུང་སྒྲ་མཁའ་ལ་ཡུན་རིང་སྒྲོག་པ།ཁྱེའུ་དེ་ནི་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་ཡིན་ནོ།། ཁོང་གི་ཡབ་ལ་བློ་བཟང་སྙན་གྲགས་དང་ཡུམ་ལ་རྣམ་རྒྱལ་བུ་ཁྲིད་ཟེར།དབྲ་ཁོག་ཚང་ལྷ་སར་འབྱོར་རྗེས་བོད་ཀྱི་སྐུ་དྲག་ཆེན་པོ་དེང་སང་གི་གཡུ་ཐོག་ཚང་དུ་གྱུར་པ་རེད།

      མཐུ་ནུས་དཔག་མེད་ལྡན་པའི་ཐེག་ཆེན་བསྟན་པ་རྒྱལ་མཚན་གྱི་སྙན་གྲགས་རྒྱ་ནག་ཕོ་བྲང་ལ་བསྒྲགས་རྗེས།གོང་མ་ཁང་ཞིས་ཕོ་ཉ་བཏང་ནས་ཁོང་ཕོ་བྲང་དུ་དྲངས།རིམ་པ་རེ་རེ་བཞིན་ཉམས་སད་ཚོད་བགམ་བླངས་རྗེས།མཐར་རིན་པོ་ཆེའི་ཞབས་ལ་སྤྱི་བོས་འདུད་པ་དང་།དཔོན་ཆེན་དང་མི་དྲག་གྲངས་མེད་པའང་སངས་རྒྱས་ཆོས་ལ་དད་པ་ཞུས།ཐེག་ཆེན་བསྟན་པ་རྒྱལ་མཚན་གྱིས་ལོ་ངོ་གསུམ་རིང་ཏི་ཤྲིའི་གོང་མའི་བླ་མར་བཀུར་བ།འགན་བཞེས་རྗེས་ཕ་ཡུལ་དུ་ཕྱིར་ཕེབས་ནས་ཆོས་དར་སྤེལ་གནང་བས།སྐྱེ་བོ་རྣམས་ཀྱིས་ཁོང་ལ་རྒྱ་ནག་སྤྲུལ་སྐུ་ཟེར།

ཆོས་ལ་བརྩོན་འགྲུས་དང་སྒོམ་པ།སྡོམ་པ་ལེན་པ།ནད་བརྟག་སྨན་བཅོས་བཅས་ཁོང་དུ་ཆུད་པའི་སྐར་མ་ལྷུན་འགྲུབ་ནི་བླ་མ་སྐྱེས་ཆེན་མི་རབས་གཅིག་གི་མིག་དཔེར་གྱུར།ཁོང་ལ་བོད་ཀྱི་རྡོ་རྗེ་བྲག་དགོན་གྱི་སློབ་དཔོན་རིག་འཛིན་ཆེན་མོས་ཆོས་ཀྱི་ཉི་མ་ཞེས་མཚན་སྙན་གནང་།

      བསམ་འཕེལ་གླིང་དང་ར་སྟག་ཆོས་འཕེལ་དགོན།དུང་འཁོར་དགོན།བེ་ཡ་དགོན་སོགས་ཀྱིས་དམར་སྨུག་མདོག་གི་དགོན་པའི་འཛུགས་སྐྲུན་དང་གཟི་མདངས་རྣམ་པར་བཀྲ་བ།ཀ་གདུང་རྐོས་མ་ཅན་ལས་སྒྱུ་རྩལ་དང་ནང་བསྟན་སློབ་གསོ།སངས་རྒྱས་ཆོས་སྒོམ་པ་དང་སྡོམ་པ་ལེན་པ་སོགས་ཀྱི་འབྲེལ་བ་དམ་པོ་མཚོན་པར་བྱས་ཏེ་གངས་ལྗོངས་སྙིང་སྟོབས་ཀྱི་ཆུ་བོ་རྒྱུན་འཛིན་བྱེད་ཀྱི་ཡོད།

དམངས་ཁྲོད་ནས་བྱུང་བའི་བུ་རྒོད་ཐོགས་མེད་དང་སྒྲོ་མདོག་ཆོས་གྲགས་སོགས་ཕུལ་བྱུང་མི་སྣས་ཀྱང་ངོ་མཚར་ཅན་གྱི་བཤད་སྲོལ་མང་པོ་བཞག་ཡོད།

མཚོ་སྤུན་བདུན་གཅིག་རྗེས་གཅིག་ལ་འབྲེལ་ནས་གནམ་གྱི་སྐས་ཐེམ་འདྲ་ལ།གནམ་ས་འཇིག་རྟེན་ལ་ཕུལ་བའི་ཡོན་ཆབ་བདུན་ཚར་གཅིག་དང་ཡང་འདྲ་བས་ན།ལྗོངས་རྒྱུ་བ་གྲངས་མེད་པར་མཐོང་བ་ཙམ་གྱིས་སེམས་འགུལ་ཐེབས་སོ།།

      ཕ་ཡུལ་དྲན་པ་ཙམ་ལ།ད་དུང་བྱམས་བརྩེ་སེམས་བཟང་ཅན་གྱི་ཞིང་པ་དང་འབྲོག་པ།དགེ་རྒན།སྨན་པ།མཛའ་མཐུན་ཟོལ་མེད་ཁེངས་པའི་གྲོགས་པོ་བཅས་མང་པོ་དྲན་ནས།སེམས་ལ་ཚེ་འདི་དང་འབྲེལ་བ་ཡོད་པའི་བརྗེད་པ་དཀའ་བའི་དྲན་གསོ་མང་པོ་འཁོར་འདུག།

ཕ་ཡུལ་དྲན་པ་ཙམ་ལ།ངའི་སེམས་ནང་བྲལ་ཐབས་དཀའ་བའི་སྙིང་ཉེ་བའི་བརྩེ་དུང་གིས་ཁེངས་ནས་བྱམས་བརྩེ་ཟབ་མོའི་རྒྱུན་ཞིགརྒྱུ་བ།ཕ་ཡུལ་ཕྱོགས་ཀྱི་ཉི་འོད་དང་དཔྱིད་རླུང་།མེ་ཏོག་ཆར་པ་དུས་ཐོག་ཏུ་སླེབས་པ།ཕྱག་ཕྲེང་ལགས།ཕྲན་གྱིས་དུས་ཚོད་དང་བར་སྟོང་ཡང་ཐེངས་ཤིག་བརྒལ་ནས་སེམས་ལ་དྲོ་སྐྱིད་ལྡན་པའི་དགའ་བའི་ཕ་ཡུལ་ལ་སླེབས་སོང་།བྱམས་སྙིང་རྗེའི་སེམས་དང་བྱང་ཆུབ་སེམས་པ་ནི་སེམས་བསམ་པའི་མཆོག་ཡིན་ལ།སེམས་བསམ་པའི་ཡིད་བཞིན་ནོར་བུའང་ཡིན།ཕ་ཡུལ་ནི་ས་གཞི་ཆེན་པོའི་ནང་གི་མཆོག་ཡིན་ལ།ངའི་བསམ་པ་དང་རྣམ་ཤེས་འཁོར་སའི་ཕ་སའང་ཡིན།

      ཕ་ཡུལ།——ཕྱག་ཕྲེང་།——འཛམ་བུ་གླིང་།——ཤམ་བྷ་ལ།ཡིན་ལགས།ངའི་འདུ་འཛི་མེད་པའི་སེམས་ཁོང་ནང་།ཕ་ཡུལ་ཟེར་བ་ནི་ཕྱག་ཕྲེང་ཡིན་ལ།ཕ་ཡུལ་ཟེར་བ་ནི་ཁམས་པའི་མཐོ་སྒང་ཡིན།ཕ་ཡུལ་ཟེར་བ་ནི་འཛམ་གླིང་གི་ཡང་རྩེ་མཚོ་བོད་མཐོ་སྒང་ཡིན།ཕ་ཡུལ་ཟེར་བ་ནི་སྔོན་མཐིང་ལྡན་པའི་སྐར་མའི་གོ་ལ་འདི་དང་མཐའ་ཡས་ཀྱི་འཇིག་རྟེན་འདི་ཡིན།ཕ་ཡུལ་ཟེར་བ་ནི་ཤམ་བྷ་ལ་གནས་མཆོག་འདི་ཡིན།ངའི་མ་ཡུམ་ནི་བྱམས་སྙིང་རྗེ་ལྡན་པའི་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན།ཁོང་རྣམ་པ་སྔར་ནས་མཉམ་འདྲེས་གཅིག་གྱུར་གཉིས་མེད་དུ་གྱུར་ཚར།

      ཕ་ཡུལ།——མ་ཡུམ།མ་ཡུམ།——ཕ་ཡུལ། དེ་གཉིས་ངའི་སེམས་ཉིད་ལ་དུས་གཏན་དུ་གཞིས་ཆགས་ཚར།

ངས་ན་ནིང་སྟོན་དུས་ཁྱོད་ཉིད་དྲན།


  • ལེ་ཚན་སྔོན་མ།:སྙན་ངག་བྲིས་ཆོག་ཆོག་གི་སྐད་ཆ་དེ་མིན།
  • ལེ་ཚན་རྗེས་མ།:ཉི་སྟེན་མཛེས་ལྗོངས་ཀྱི་གཞན་ངོས་ཤིག་འཚོལ་བ།