སྙན་ངག་བྲིས་ཆོག་ཆོག་གི་སྐད་ཆ་དེ་མིན།

གསེར་ཁབ།        2016-12-06

     འཇིག་རྟེན་འདིར་ཆེས་དཀོན་བསམ་བློའི་གཤོག་པ་རྨས་མ་དེ་ཡིན། དུས་ཚོད་སྟོང་པ་དེའི་ངོ་གདོང་ནི།   བདག་ལ་མཚོན་ན།  ཕྱི་བྲིས་ནང་བྲིས་བྱས་པའི་སྐད་ཆའི་གོམ་པ་དང་པོ་ཡིན།

སྤྱིར་ན་ངས་སྙན་ངག་འབྲི་བ་ནི།  ཁ་སྟོང་པས་ནམ་ཚོད་འཛིན་པ་ཁོ་ན་ཙམ་མ་ཡིན་པར།  སྐད་ཆའི་ཡུལ་དང་ལུས་སེམས་ཀྱི་དཀའ་གནད་ལ་དག་འབུད་བྱས་ཏེ།  ཚོར་བའི་ནང་གསེས་ཀྱི་ཁ་དོག་རྣམས་སྒྱུ་མའི་ལམ་དུ་སྲོང་པོར་བཤམས་ཐུབ་ཚེ།  དེ་ནི་སྙན་ངག་གམ་སེམས་སྦུག་གི་སྐད་ཆ་རྣལ་མ་ཞིག་ཏུ་བརྩི་བཞིན་ཡོད།

     སྙན་ངག་ནི་བྲིས་ཆོག་ཆོག་གི་རོལ་རྩེད་དེ་མིན་ལ་བཤད་ཆོག་ཆོག་སྐད་ཆ་དེ་བས་མིན་སྙམ།  དེང་གི་དུས་འདིར་རང་རིགས་ལ་ཆེས་དཀོན་པ་ནི་རྩེར་སོན་གྱི་སྙན་ངག་དེ་རེད།   རང་གྲོལ་དུས་སྐབས་ཀྱི་དཀྱོགས་མཚམས་ནས་ངས་ད་བར་དུ་ས་གཞི་འགུལ་བ་མཐོང་མ་མྱོང་།   རྒྱུ་མཚན་ནི།  བྱ་ཚིག་དང་ལས་ཚིག་སྟོང་པས་མཐར་གཏུག་བྱས་པའི་བོད་ཁུལ་གྱི་སྙན་ངག་སྐྱ་སྐྱ་དག་རེད། སྙན་ངག་ནི་རྣ་བར་སྙན་པ་ཁོ་ན་ཙམ་ལས།  ཡིད་དབང་དང་འགུལ་ཤུགས་ཀྱི་ནུས་པ་མེད་ན།   དེ་ནི་སྙན་ངག་ཅང་ཡིན་གྱི་མ་རེད་སྙམ།ཀི་རེ་བཏབ་ནས་རི་ཀླུང་སྒྲོལ་ཚུལ་ནི་རྡོ་ལྕགས་གཙུབ་བརྡར་གྱི་ལམ་སྣེ་འདྲེན་ཕྱིར་མ་ཡིན་པར་དོན་དངོས་ཀྱི་བདེན་པ་ཐ་དག་ལག་མཐིལ་ནས་བོར་སོང་བས་རེད།སྙན་ངག་ནི་འཚོ་བའི་ཁ་རུ་བཏབ་པའི་མེ་ཏོག་གི་མཆོད་པ་དེ་མ་ཡིན།     མི་སྐད་

     བཤད་ཤེས་པ་ཙམ་གྱིས་སྨྲ་ཤེས་དོན་གོ་བར་མི་གྲུབ་སྟེ།སྐྱེས་བུ་རབ་འབྲིང་གི་ལུས་ངག་ལ་བཅོལ་བའི་མི་གཞི་དེ།   སྙན་ངག་གི་སྤུས་ཚད་རེད་འདོད།

     ཁ་སང་དེ་རིང་། ཚང་མས་སྙན་ངག་རྐྱང་རྐྱང་གླེང་གིན་འདུག  དེ་ནི་ཅུང་མཐུན་ཚང་ཞིག་མ་ཡིན་པར་འདོད་དེ།   ང་ཚོས་སྙན་ངག་ཡག་པོ་ཞིག་འབྲི་དགོས་ན།   ཡུལ་དུས་རང་བཞིན་གྱི་བསམ་བློའི་དམིགས་བྱ་ཡོད་དགོས་པར་མ་ཟད། རང་གི་སྐད་ཆ་གང་དེའི་བསམ་བློའི་གཤོག་འགྱུར་དང་ཕུགས་རྒྱང་ལ་དམིགས་ནས་འབྲི་བ་ལས་ཚིག་འབྲུ་སྟོང་པས་ཞུ་འབོད་བྱས་ན་མི་འགྲིག་པར་སྣང་།   བར་སྐབས་གཅིག་གི་རང་གི་སེམས་ཚོར་ཐ་རེ་ཐོ་རེ་ཡིག་ངོར་ཕབ་སྟེ་སྙན་ངག་ཡིན་མདོག་བྱེད་པ་ནི་ནོར་འཁྲུལ་ཞིག་ཏུ་འདོད་ཡོད།

     སྙན་ངག་སྙན་ངག་ཡིན་པས་སྒྱུ་རྩལ་གྱི་ཉམས་འགྱུར་ཕུན་སུམ་ཚོགས་པོ་ཡོད་དགོས་པར་མ་ཟད་ཚོར་འདུའི་ཕྱི་ནང་ལ་བསྟེན་ནས་རྟོག་ལྗོངས་དང་ཡིད་གཟུགས་ཀྱིས་ལམ་བུ་གསར་པ་གཏོད་དེ་སྐད་ཆ་ཡག་པོ་ཞིག་ངེས་པར་དུ་བཤད་ཤེས་དགོས་འདུག  རྒྱུ་མཚན་ནི།རང་ཉིད་ཀྱི་ཕུགས་ལམ་ལ་བདེ་བ་སྦྱིན་ཐུབ་མཁན་ནི།ད་ལྟ་རང་ཉིད་ཀྱིས་འཚོལ་སྙེག་བྱེད་དམིགས་བྱ་དེའོ།།


  • ལེ་ཚན་སྔོན་མ།:རྫོང་མཁར་དུ་བྱུང་བའི་ཆག་སྒོ།
  • ལེ་ཚན་རྗེས་མ།:སེམས་སྟེང་གི་ཤམ་བྷ་ལ།