བོད་ཀྱི་གསང་བ། 2016-12-06
སྲང་ལམ་འདིའི་མི་རྣམས་བྱ་ཚང་ལ་རྡོ་འཕངས་པ་ལྟར་འུར་འུར་ཟིང་ཟིང་བྱེད་ཚུལ་ལ་བལྟས་ན་དོན་དག་ཅིག་བྱུང་ཟིན་པ་ཁོ་ཐག་རེད།
“དཀོན་མཆོག་མཁྱེན། འདི་རྨི་ལམ་ཡིན་ནམ། ངེད་རྒན་རྒོན་གཉིས་ཀྱི་གཅེས་ཕྲུག་གཅིག་པུ་་་་་་་་་་”ངུ་ཞོར་དུ་བཤད་སྲོལ་ལ་བལྟས་ན་དོན་དག་ཚབས་ཆེན་ཞིག་བྱུང་ཟིན་ནམ། ངས་རང་གི་ངོ་ཤེས་ཤིག་བཙལ་་ནས་དོན་དག་དེའི་སྐོར་ནས་འདྲི་གཅོད་གསལ་བོར་ཞིག་བྱེད་འདོད་ཅིང། ཉེ་ས་ཞིག་ནས་ངོ་ཤེས་གཅིག་ཀྱང་མི་འདུག ཚ་ལམ་ལམ་གྱི་ཉི་འོད་ལ་བལྟས་ན་ཕལ་ཆེར་ཉིན་གུང་ཕལ་ཆེར་ཡོལ་ཟིན། ད་ནངས་ནངས་ཇ་ཡང་འཐུང་མེད་པས་གྲོད་པའང་ལྟོགས་ནས་ངར་ལངས་ཀྱིན་འདུག ཐད་ཀར་དུ་རྫོང་སྲིད་གཞུང་གི་ལས་ཁུངས་འགྲམ་དུ་ཡོད་པའི་ལྷ་གཡག་ཟ་ཁང་དུ་འཛུལ་ནས་འཐེན་ཐུག་དཀར་ཡོལ་གང་བཏུང་བར་སྒུག་ནས་བསྡད། ཟ་ཁང་འདི་ནི་བོད་རིགས་ཟ་ཁང་ཞིག་ཡིན་པས་མགྲོན་པོ་ཁ་ཚང་བོད་རིགས་ཏག་ཏག་རེད། ངའི་རྩིབ་ཀྱི་ཅོག་ཙེའི་སྟེང་དུ་བསྡད་ཡོད་པའི་མི་གསུམ་པོས་ཡང་ཡང་ད་སོ་མའི་དོན་དག་དེ་གླེང་བཞིན་འདུག རྒན་གྲས་དེས་བཤད་རྒྱུར“ཁྱོད་གཉིས་ཀྱིས་ཨེ་རིག་རོང་བོ་སྡེ་བའི་ཕྱིང་ཞྭ་གྱོན་པའི་མི་འགའ་ང་ཚོའི་རྫོང་ཐོག་ཏུ་ལུག་བཙོང་དུ་ཡོང་ཡོད་ཟེར་བ་བདེན་ནམ” གསར་བུ་རྣ་ལོང་བཏགས་པ་དེས“བདེན་པ་རེད། ད་དུང་མི་ཉི་ཤུ་ལྷག་འདུག་ཟེར། ཁོ་ཚོས་ལུག་ཤེད་བཟང་བས་ཁ་ཆེ་བ་རྣམས་ཀྱི་དེ་ཚོའི་ལུག་གི་མཐའ་ནས་བསྐོར་ནས་འབའ་ཆུ་བལ་ཁོ་སྡེ་བའི་ལུག་ལ་ཁ་ཡ་ཙམ་མ་བྱས་སྟབས་དོན་རྐྱེན་འདི་བྱུང་བ་རེད”སྣ་མགོ་སྨིན་མ་ཅན་གྱི་གསར་བུ་དེས“ངོ་མ། ངོ་གནོངས་པ་ཞིག་རེད། ཚུར་ལ་གཅིག་གསོད་རེག་བར་ཏུ་ཕར་ལ་ཅི་ཡང་བྱེད་མ་ཐུབ། ངོ་མ་ལ་རྒྱ་ཟེར་བ་ཞིག་མི་འདུག”“ཁྱོད་ཀྱི་འཐེན་ཐུག”ཞབས་ཞུ་མོའི་འཐེན་ཐུག་འཁྱེར་འོངས།“ཨ་རོ་ཨ་རོགས་གཉིས་ཀ། བལ་ཁོ་སྡེ་བའི་གཅིག་བསད་བཏང་ཟེར་བ་དེ་སུ་རེད། ངོ་ཤེས་ཤིག་ཨེ་རེད། ངས་དོན་དག་འདི་གསལ་བོ་ཞིག་ཤེས་འདོད་པས་བློ་མཐུན་འབར་ཞུན་ཅིག་གཡོར་རོགས”ཟེར་བཞིན་ཁོ་ཚོའི་རྩིབ་སར་གཏུག རྣ་ལོང་བཏེག་པ་དེས་བཤད་རྒྱུར་“བསད་སོང་བས་མི་དེ་ཨ་ཁུ་ཉི་མའི་བུ་གཅིག་པུ་་་་་་་་་་ ཟེར།~~ངེད་གཉིས་ཁ་སང་སློབ་གྲྭ་ནས་འགྲོགས་ནས་འོངས“ངས་ཁ་ནས་དབང་མེད་དུ་དེ་ལྟར་ཤོར་སོང།“བལ་ཁོ་སྡེ་བར་མི་སྙིང་སྟོབས་ཅན་ཞིག་མེད་པ་ཨེ་རེད། དེ་མིན་ན་སློབ་མ་ཞིག་གིས་ངོ་རྒོལ་བྱེད་དོན་མེད”།སྨིན་མ་ཅན་དེས་དེ་ལྟར་ལབ། རྒད་པོ་དེས་ཤུགས་རིང་ཞིག་འབྱིན་ཞོར“སློབ་མ་ཞིག་གིས་ཡང་རང་གི་ཕ་ཡུལ་གྱི་དོན་དུ་རང་སྲོག་བློས་བཏང་བ་རེད། ཤི་བ་ཙོག་གི་ཡ ཁོག་གི་རྒྱུ་མ་ཡང་ཕྱིར་དྲུད་འདུག་ཟེར” “ཨོ་ལེ། ལས་དབང་ཙོག་གི། མི་དེ་འདྲ་མང་བོ་ཞིག་གི་གྲལ་་ནས་གཞན་ཞིག་ཡིན་ན་མ་ཆོག་གམ”རྣ་ལོང་བཏེགས་པ་དེ་ཡང་སེམས་ཤོར་བཞིན་དེ་ལྟར་བཤད། དུས་འདིར། བློ་བོང་བོང་དུ་གྱུར་ཏེ་ཟ་ཁང་གི་སྒོ་བུད་སྐབས་སེར་ལམ་ལམ་གྱི་ཉི་མ་ཡང་ནུབ་རའི་ཕག་ཏུ་ཡིབ་ལ་ཉེ །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10