ཁྱུང་གཤོག 2019-03-01
ཕ་ཡུལ་དུ་ཁ་བ་བབས་པའི་གཏམ་གླེང་དེས། ང་ལ་སྨྲ་བསམ་བརྗོད་མེད་ཀྱི་ཚོར་བ་སྐྱུར་མོ་བྱིན་སོང་། རྒྱུ་མཚན་དེའི་དབང་གིས་ང་རང་སྐྱིད་ཆུའི་རབ་ཁར་འགྲེང་སྟེ་ཁ་བ་ལེབ་མོ་ཞིག་ཏུ་གྱུར་ནས་ཕ་ཡུལ་གྱི་རི་ལུང་གང་ཞིག་ཏུ་ལྷུང་ན་སྙམ་པའི་སྟོང་འདང་དེ་མུ་རུ་རྒྱུན་བསྐྱངས་ཤིང་མུ་ནས་ཁ་བ་ལ་བསྒུག་དགོས་བྱུང་།
དུས་ཚིགས་འདི་དགུན་ལ་སླེབས་པ་ཡིན་ནམ། ངས་ཡུན་རིང་རེ་ཞིང་སྒུག་པའི་ཁ་བའི་བཟོ་ལྟ་དེ་ད་དུང་མཐོང་མ་སོང་། རི་རབ་ལྟར་ལྕི་བའི་ངང་སྒུག་འདིའི་གོ་རིམ་ཁྲོད། ང་ལ་བསླུ་བྲིད་ཀྱི་ནག་ཉེས་ཅི་ཞིག་ཐེབས་སོང་སྙམ་པའི་འདུ་ཤེས་ཤིག་གཏན་དུ་སྐྱེས་ཡོད། དེ་ནི་སྐྱིད་ཆུ་ཁོ་ནས་ཚོར་ཡོད་ངེས།
སྐྱིད་ཆུའི་ས་སྲོད་ལས་མཚམས་སྤྲིན་དང་ལྷིང་འཇགས་ཀྱི་དབྱངས་འགྲོས་བཞུར་འོང་།
དགུན་གྱི་གྲང་རླུང་ཐན་ཐུན་རེ་མགོ་རྔ་མེད་པར་ངའི་ངོ་གདོང་བརྒྱུད་གནས་ག་ཤེད་ཅིག་ཏུ་བཞུད་འགྲོ། ལོ་རྒྱུས་དང་གཏམ་རྒྱུད་མེད་པའི་རླུང་བུ་དག་སླེབས་ཐེངས་རེར། ངའི་སྐྱིད་ཆུ་ལ་ཁ་དོག་གཞན་ཞིག་བགོས་ནས་འགྲོ་བ་མཐོང་། ཡང་ན་གདོད་མའི་ངོ་གདོང་དག་བཀྲུས་ནས་འགྲོ་བ་མཐོང་།
དེ་རིང་ང་ཡང་བསྐྱར་སྐྱིད་ཆུའི་འགྲམ་དུ་ཡོང་བ་ནི། སྔོ་སིང་སིང་གི་ནམ་མཁའ་དེ་དྲན་པས་ཡིན་ལ། ལྗང་ནེམ་ནེམ་གྱི་རྩྭ་ཐང་དེ་དྲན་པས་ཀྱང་ཅི་ལ་མིན། དེ་ལས་ཀྱང་རབ་དཀར་གྱི་ཁ་བ་ཞིག་ལྷོད་ཀྱིས་ངོ་གདོང་དུ་ཟེགས་ཡོང་བར་རེ་སྒུག་བྱེད་དུ་ཡོང་བ་ཡིན། ན་ནིང་གི་ད་ཚོད་ཅིག་ལ་ངས་སྐྱིད་ཆུའི་འགྲམ་ངོགས་སུ་ཆུ་སྐྱར་དང་ཀོ་གྲུ་དྲན་མྱོང་བ་དེ་རིང་ད་དུང་བརྗེད་མེད་ལ་མུ་རུ་དྲན་ངོགས་སུ་འཚོས་ནས་ཡོད།
གཙང་ཆུའི་བཞུར་སྒྲར་ཉན་པ་ནི་འདས་དོན་དག་དྲན་པ་ཡིན་ནམ། ངས་རང་གི་རྣ་བ་སྐྱོར་ནས་ས་སྲོད་ཅིག་གི་གྲིབ་སོ་སླེབས་རག་བར་དུ་སྡོད་དགོས་བྱུང་། སྐྱིད་ཆུ་ནི་ཁ་དོག་མེད་པ་ཞིག་རེད། ལོ་ཟླས་བྲིས་པའི་སྐྱེ་འཆིའི་ལྡེབས་རིས་དག་ག་ལེར་མཐོང་ཡོང་། ངའི་དྲན་ངོགས་སུ་ལུས་པའི་གངས་རི་དང་རྩྭ་ཐང་ཡང་གཙང་བོའི་མཐིལ་ན་གསལ་གྱི་ལེར་ཤར་འདུག ད་དུང་ཁེར་རྐྱང་དང་དྲན་གདུང་ལྕི་བའི་ན་ཟུག་དག་ཀྱང་།
ད་ནི་ངས་ཁ་བ་དྲན་གྱིན་འདུག དཀར་འཇམ་གྱི་ཁ་བར་མངའ་བའི་རང་གཤིས་འཇམ་པོ་དེ་དང་ལྷད་མེད་དྭངས་གཙང་དེ་དྲན་བྱུང་། རང་གཞན་གྱི་ཚིམ་པ་མེད་པའི་ལོ་ཟླའི་སྐྱོ་ངལ་གྱི་བར་གསེང་ནས། གཙང་བོ་ནི་མུ་ནས་རྒྱང་དུ་བཞུར་བར་བྲེལ།
ཚེ་སྲོག་གི་བཞུར་རྒྱུན་ཁྲོད་སྐྱིད་ཆུ་དལ་བྲེལ་མེད་པར་དྭངས་གཙང་གིས་མདུན་དུ་བཞུར། དགུང་ཁའི་ལྷིང་འཇགས་རུམ་པའི་ཉི་མའི་དགོད་འཛུམ་ལས་ངས་རེ་སྒུག་དང་འདོད་འདུན་ལ་གཤོག་པ་ཐོགས་ན་བསམ། ལྷོ་རུ་འཕུར་བའི་བྱ་ཁྱུ་དག་དང་འདྲ་བར། བཞུད་ལམ་རིང་མོ་ནི་ས་ཆེན་གྱི་ཡང་སྟེང་ནས་རྒས་སོང་རུང་། ལོ་ཟླའི་སྔས་འགྲམ་དུ་རྫོགས་སོང་རུང་། སེམས་འདུན་གཙང་མ་འདི་མངོན་དུ་གྱུར་ན་ཅིས་ཀྱང་ཆོག་པར་སྙམ་པའི་དམ་བཅའ་བརྟན་ཨང་།
རླུང་ཆེན་མ་ལྡང་བའི་སྔ་རོལ་གྱི་ལྷ་ས་ནི་དག་ཞིང་གཞན་ཞིག་ཡིན་ནམ། ཟླ་དགུ་བའི་གྲོང་གསེབ་ཀྱི་སྲང་ལམ་དག་ནི་སྨྲ་བ་མེད་པའི་ལྐུགས་པ་ཞིག་དང་འདྲ་བར། སྐྱིད་ཆུའི་ཁ་གཏད་དུ་འཁང་ར་མེད་པར་གཉོམ་ཆུང་གིས་འགྲེང་འདུག སུ་ཞིག་གི་བསླུ་བྲིད་ཡིན་པ་མི་ཤེས་མོད། ངའི་སྟོན་མཇུག་ལ་བབས་པའི་མཛེས་སྡུག་གི་སྡོང་ལོ་དེ་དག་ཀྱང་གང་ཞིག་ཏུ་བྲེལ་བྲེལ་གྱིས་བཞུད་སོང་།
ང་རང་མུ་རུ་སྐྱིད་ཆུའི་རབ་ཁར་འགྲེངས་ནས་ཁ་བར་བསྒུག་དགོས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10