ཕ་ཡུལ།

ཁྱུང་གཤོག        2019-03-04

   ཕ་ཡུལ་དུ་སྡོད་པའི་དབྱར་གནང་གི་དུས་ཚོད་ཚར་ལ་ཉེ་དུས། གཞི་ནས་བྲལ་མི་འདོད་པའི་སེམས་ཚོར་ལྕི་མོ་ཞིག་གིས་ཡང་ཡང་མནར་འོང་། བྲེལ་འཚུབ་ངང་ཐོན་རྗེས་བྲེལ་འཚུབ་ཀྱིས་ཕྱིར་ལོག་པར་རྩོམ་དུས། ཆུང་དུས་བཞིན་ཕ་ཡུལ་གྱི་པང་དུ་ལོག་སྟེ་དྲི་ཞིམ་མེ་ཏོག་གི་བསུང་ངད་ཁྲོད་སེམས་ལྷོད་ལ་བབས་ནས་གཉིད་སྐྱིད་པོ་ཞིག་ཀྱང་ལོག་མི་ཐུབ།

   ལོ་ཟླ་ནི་ཁ་རོག་གེར་ཚེ་སྲོག་ལ་འོད་སྣང་དང་མུན་པའི་སེམས་གཞས་རེ་བླངས་རྗེས་རྒྱང་རིང་དུ་ཆས་འགྲོ་བའི་ཆ་མེད་རྒྱུས་མེད་ཀྱི་མགྲོན་པོ་ཁེར་རྐྱང་དེ་ཡིན་ལ། ནམ་རྒྱུན་ཚ་གྲང་དྲོད་འཁྱག་གི་ལག་ཟུང་ཁོ་ནས་འཇིག་རྟེན་འདི་རུམ་མཁན་གྱི་སེམས་དཔའ་དེ་ཡང་ཡིན་སྲིད། མཐའ་ཡས་པའི་ཕ་ཡུལ་གྱི་སྤང་ཐང་དུ་མགོ་བོ་བསྙེས་ནས་དྭངས་གཙང་གི་ནམ་མཁར་ཅེར་ཐེངས་རེར། ས་ཆེན་འདི་ནམ་ཡང་ཚེ་སྲོག་ཡོད་ཚད་ཀྱི་འབྱུང་ཁུངས་དང་བརྟེན་ས་གཅིག་པུ་ཡིན་ན། ང་ཚོ་ནི་ལོ་ཟླའི་འཕུར་སྐྱོད་ཀློང་ན་འགྲུལ་བཞུད་ཐེངས་ཤིག་གི་རྐང་རྗེས་ས་ཆེན་པོ་འདིའི་བྲང་གཞུང་དུ་ཕབ་ནས་འགྲོ་བའི་ཆེས་གདུག་རྩུབ་ཀྱི་མགྲོན་པོ་དེ་ཡིན་པར་འདོད།

   ཕ་ཡུལ་གྱི་ཆེས་མཐའ་མའི་དབྱར་གཞུང་གི་རུམ་ཁ་ལས་གྱེས་པར་བྱེད་དུས། མེ་ཏོག་གི་སྒེག་ཉམས་དང་ཕྱེ་ལེབ་ཀྱི་གཤོག་འགྱུས་ང་ལ་རྨི་ལམ་ཞིག་གི་གཏམ་རྒྱུད་འཆད་ཅིང་། བྲང་ཁོག་གི་གཙང་བོའང་ཡོམ་ཡོམ་སྐྱོམ་པར་བྱེད། ད་ལྟ་བྲལ་དགོས་འདོད་པའི་སེམས་བྱུང་དག་ལྗང་མདོག་དང་དྭངས་གཙང་ལ་བརྒྱུས་ནས་ཕ་ཡུལ་གྱི་རུམ་ཁར་བྱོ་དགོས་ཡང་། དངན་པ་སྐྱོར་བའི་སྐྱོ་གདུང་གི་ཤུགས་རིང་རེ་རེ་ངག་སྒོ་ན་ཡང་ཡང་འཛུམ།

   ཡིད་དུ་འོང་ཞིང་མཚར་སྡུག་ལྡན་པའི་ཕ་ཡུལ་ཞེས་པའི་ཡིག་འབྲུ་གཉིས་ལང་ཚོའི་དབྱངས་འགྲོས་ལས་བཞུར་དུས། འཆར་ཡན་གྱི་གཤོག་སྣེར་བཏེགས་པའི་ཕྱིར་དྲན་ནི་ནར་སོན་གྱི་གཏམ་རྒྱུད་དང་ལོ་ཟླ་རྒས་པའི་གོ་རིམ་ལས་ཅི་ཡང་མེད་ཀྱང་། ངའི་བྱིས་དུས་ཀྱི་འཛུམ་མདངས་དཔར་སའི་ཕ་ཡུལ་ནི་སྔར་བཞིན་མཛེས་ཤིང་སྡུག ངའི་བྱིས་དུས་ཀྱི་གོམ་ཆུང་དཔར་སའི་ཕ་ཡུལ་ནི་སྔར་བཞིན་གཏམ་རྒྱུད་ཀྱི་ཀློང་ན་གསོན།

   སྡེ་ཆེན་པོ། སྟོན་མཇུག་འདིའི་རླུང་བུ་བསིལ་བསིལ་ལས་ཁུ་སིམ་གྱིས་འགྱིང་བ། རི་ཆུ་རྒས་པའི་ངང་ཚུལ་དང་མེས་པོ་བཞུད་པའི་གཏམ་རྒྱུད་དག་ཞེ་ལ་ཐོགས་པ་ཡིན་ནམ། སྐྱེ་རྒ་ན་འཆིའི་རྐང་རྗེ་རེ་རེ་དུས་ཚིགས་རེ་རེའི་ངོ་གདོང་ལ་དལ་གྱིས་དཔར་ནས་འགྲོ་དུས། འཚོ་བ་ནི་མཁའ་མཐའི་སྤྲིན་པ་དང་འདྲ་ལ་ཕ་ཡུལ་ནི་ཞག་གཅིག་གི་རྨི་ལམ་བསྐྱིལ་སའི་ཁང་མིག་ཅིག་དང་ཅིས་མི་མཚུངས།

   ལྷིང་འཇགས་གདན་དུ་བཏིང་བའི་སྨུག་ལོང་ཁྲོད་ཀྱི་ཕ་ཡུལ། ཆར་བ་ཟམ་ཟིམ་བབས་ན་ཁྱོད་ནི་ངའི་ཆེས་དྭངས་གཙང་གི་དགའ་མ་དང་འདྲ་བར་དྲན་གདུང་དང་ཕྱིར་མིག་འཁྱེར་མཁན་དེ་ཡིན། ཁྱེད་ཀྱི་བརྟན་བརླིང་དང་ཁོག་རྒྱ་དེའི་དབང་གིས། ངས་དབྱངས་གསལ་སོ་བཞིའི་ངག་སྒོ་ལས་ཁྱེད་ཀྱི་བྱུང་རིམ་རེ་རེ་རིས་སུ་ཕབ་ན་བསམ།

   ཁོ་བོས་རྣམ་ཤེས་ལ་ཁ་ཕྱོགས་བཙལ་ཏེ་སྐྱོ་གདུང་གི་རི་ཀླུང་སེམས་ཀྱིས་འགྲིམས་དུས། སྤྲིན་དཀར་ཁོ་ན་སྔས་སུ་བྱས་པའི་ཁྱེད་ནི་སྔར་བཞིན་སྟོན་ལྗོངས་སྣུམ་པོ་འདིའི་བག་ཕེབས་ཀློང་ན་འཇའ་ཚོན་དང་ཉི་ཟེར་བཏེགས་ཏེ་ཚེ་སྲོག་གྲངས་མེད་ལ་བྱམས་སེམས་དང་ཁོག་རྒྱ་བཤམས་པར་བྲེལ་ཡོད། ལོ་ཟླས་ཡང་ཡང་བྲབས་པའི་སེམས་ངོགས་སུ། ཨུ་ཚུགས་དང་བཟོད་བསྲན་ཁོ་ནས་ས་ཆེན་པོའི་སྨག་རུམ་གྱི་སྒོ་འཕར་ཁད་ཀྱིས་ཁད་ཀྱིས་ཕྱེ་དུས། སྟོན་མཇུག་དང་གྱེས་པའི་ཁྲུང་ཁྲུང་ཁྱུ་ཚོགས་ཀྱིས་ཀྱང་ན་ཟུག་གི་ཕྱིར་མིག་གཤོག་རླབས་བར་ན་ཆེམ་ཆེམ་འཕྲོ།

   གསང་བ་ལྐོག་གྱུར་ཞིག་གི་སྣེ་མོར་དཔྱངས་པའི་གོ་ལ་འདིར་ཡང་དག་གི་འགྲེལ་བ་ཞིག་ཡོད་དུ་སྲིད་ལ་མེད་ཀྱང་སྲིད། གང་ལྟར་ངས་མངོན་ལྐོག་གི་གླེགས་བམ་རེ་ནས་ཁྱེད་ཀྱི་མཛེས་སྡུག་གི་གཏམ་རྒྱུད་དག་ལ་རྒྱུན་ལྡན་གྱི་གནས་ལུགས་ལྟར་ཡིད་རྟོན་བྱས་ཤིང་བརྩེ་བ་བརྗོད་ཡོད། ངས་ཁྱེད་ཀྱི་མཐའ་ཡས་ཤིང་ཁོད་སྙོམས་པའི་བྲང་ཁོག་དག་ལ་རྒྱང་ལྟ་བྱེད་ཐེངས་རེར། མེས་པོ་རལ་བ་ཅན་དང་དཔུང་བ་སྦོམ་པོ་ཅན་ཚོ་ཞེ་ལ་ཡང་ཡང་ཐོགས་བཞིན་ཁྱེད་ཀྱི་རུམ་ཁ་ལས་བྲལ་དགོས་སམ་ན་སྐྱོ་སེམས་ཀྱི་སྨྲེང་བ་རྫ་མགོའི་སྨུག་དང་འདྲེས་འགྲོ་ཨང་།

   ཕ་ཡུལ་དུ་སྡོད་པའི་ཆེས་མཐའ་མའི་ཉིན་འདི་ཚོར། ང་ལ་འཆར་ཡན་དང་ཕྱིར་འདང་གིས་བཞིབས་པའི་དོགས་འདྲི་མང་པོ་ཞིག་ཡོད། དུས་རབས་གསར་རྙིང་གཉིས་ལ་ཁྱེད་ནི་སྲ་མཁྲེགས་ཀྱི་གོར་མ་བཞིན་གོ་ལ་འདིའི་གྲུ་ཟུར་གང་རུང་དུ་གསོན་པའི་དཔའ་ངར་ནམ་ཡང་མ་ཞུམ་པར་སླེབས་ཡོང་ན། དུས་མ་འོངས་པར་ཡང་ཁྱེད་ཀྱི་ནམ་མཁའ་སྔར་བཞིན་སྔོ་ཞིང་དྭངས་སམ། ཁྱེད་ཀྱི་བློ་ཁོག་སྔར་བཞིན་ཡངས་ཤིང་ཆེའམ། ཁྱེད་ཀྱི་བྱམས་དུངས་སྔར་བཞིན་དྲོ་ཞིང་འཇམ་མམ། ཞེ་ལ་ཐོགས་པའི་ཕ་ས་ཕ་ཡུལ། ཁྱེད་དང་བྲལ་ན་ང་ནི་ནམ་ཡང་ཁེར་རྐྱང་གི་འགྲུལ་བཞུད་པ་དེའོ།།

དངངས་སྐྲག་གི་སེམས་པ་ཁེར་རྐྱང་གིས་སྐྱོར་བཞིན་ཁྱེད་དང་བྲལ་བར་རྩོམ་དུས། ཁྱེད་ཀྱིས་ལོ་ཟླ་དང་མནར་གཅོད། འདོད་རྔམ་སོགས་དཀྱེལ་ཡངས་ཀྱིས་དང་དུ་ལེན་པར་བྲེལ་ཡོད། དུངས་སེམས་དང་མེ་ལྕེ་མཉམ་དུ་འབར་བའི་བྱམས་བརྩེ་དྲོན་མོ། འཇིག་རྟེན་འདིར། ཡ་ང་བའི་ཆགས་འཇིག་ལ་བསམ་བློ་གཏོང་ཤེས་མཁན་ནི་འཇིག་རྟེན་ཁོ་རང་ཉིད་ཡིན་ནམ། སྙིང་ཉེ་བའི་སེམས་ཅན་ལ་བློ་ཉེ་བར་བྱེད་མཁན་ཡང་འཇིག་རྟེན་ཁོ་རང་ཉིད་ཡིན་ནམ།

   དྲི་བ་དང་སེམས་འཁུར་མང་པོ་ཞིག་རང་གི་ཨམ་ཕྲག་ལ་བཅུག་ནས་ཁྱེད་ཀྱི་མངའ་ཐང་ལས་གྱེས་དུས། ཁྱེད་ཀྱི་དུངས་ཞེན་ལས་བཞུར་བའི་ཟུངས་ཁྲག་གི་བཞུར་སྟངས་འཇགས་མི་རུང་ལ་རུས་རྐང་ན་རྒྱུ་བའི་ལོ་རྒྱུས་ཀྱི་ཤ་དྲོད་ཉམས་མི་རུང་ཨང་། འདི་ནི་ཆེས་མཐའ་མཇུག་གི་སྨོན་ལམ་ཡིན་ལ་སེམས་གསོ་དེ་ཡང་ཡིན་སྲིད།


  • ལེ་ཚན་སྔོན་མ།:སྐྱིད་ཆུའི་རབ་བྱེད།
  • ལེ་ཚན་རྗེས་མ།:ཕྱིར་དྲན་ངོགས་ཀྱི་སྙིང་ཉེ།