བརྗེད་མི་སྲིད།

སྟག་རིག་འབྲུག་ཐར།        2019-02-27

   ཁྱེད་ཀྱིས་ས་སྨྱུག་རྐང་གཅིག་དང་ནར་གཟུགས་ཀྱི་སྒོ་སམ་ཕན་ཚུན་གཙུབ་བརྡར་གྲངས་མང་གི་ཁྲོད་དུ་དབྱངས་གསལ་ལ་གཤོག་པ་བཙུགས་ཏེ་ཕུགས་བསམ་གྱི་བར་སྣང་ལ་བརྩོན་འགྲུས་ཀྱི་ལྡེམ་རྐྱོང་མྱུར། ཁྱེད་ཀྱིས་ཆེས་དྭངས་གཙང་གི་ཚད་ཤིང་བསྣམས་ཏེ་མདུན་ཕྱོགས་སུ་གཏད་པའི་མིག་འབྲས་ཁྲི་སྟོང་ལ་སྐྱོར་མ་བཟོས་ཏེ། ཅི་བསམ་འདོད་དོན་གྱི་རེ་བ་རྒྱང་ལ་བཀྱགས། ཁྱེད་ཀྱིས་སྔས་མགོ་ནས་འཁྲུངས་པའི་མག་མོག་གི་རྨི་ལམ་དཀའ་སྤྱད་ཀྱི་ལོ་ཟླས་བཙགས་ཏེ་འབྲས་བཟང་གི་རི་མོ་མངོན་འགྱུར་མཛད། སློབ་བུ་ཁྲི་སྟོང་གི་བསམ་དོན་གྱི་ཞབས་ཟུང་ལ་འོད་སྣང་བསྒྲོན་པའི་མར་མེ་ཚེ་འབར། སློབ་བུ་ཁྲི་སྟོང་གི་སང་ཉིན་གྱི་མདུན་ལྗོངས་ལ་གསེར་ཟམ་བསྐྲུན་པའི་རིག་པའི་དེད་དཔོན།

   ཁྱེད་ཀྱིས་ཉིན་ནས་ཟླ། ཟླ་ནས་ལོ་བར། ཁྱེད་ཀྱི་གཟུགས་རིས་ས་དཀར་གྱི་སྨྱུ་གུ་འདི་དང་བྲལ་མ་མྱོང་ཞིང་། ཁྱེད་ཀྱི་གྲིབ་མ་སློབ་ཁང་ཟེར་བའི་རྡོ་ཁང་གྲུ་བཞི་འདི་དང་བྲལ་མ་མྱོང་།

   སྐྱ་རེངས་སྐྱ་མདའ་གཏོང་དུས། བྱ་ཕོའི་གསུང་སྐད་དང་ལྷན་དུ་ཉིན་གཅིག་གི་རྡོག་མགོ་རྩོམ་མཁན་དེ་སུ་རེད། འཚོ་བའི་བར་གསེང་བརྒྱུད་ནས་ཨ་ཡོ་ཨ་ཚ་ཟེར་དུས། ལྭ་བ་དཀར་པོ་གྱོན་པའི་ལྷ་རྗེ་བའི་ཚུལ་འཆོས་བསྣམས་མཁན་དེ་སུ་རེད། སློབ་གྲྭར་འདུག་ཡུན་རིང་ནས་གཉེན་ཉེ་ཕ་ཡུལ་དྲན་ཏེ་མིག་ཆུའི་གདོང་པ་བརླན་དུས། མ་སྐྱོ་མ་སྡུག་ཅེས་པའི་སེམས་གསོའི་ཁ་ཏ་གནང་བའི་ཕ་མ་གཉིས་པ་དེ་སུ་རེད། ཐོ་རེངས་སྐར་ཆེན་དང་ལྷན་དུ་ལམ་ལ་ཆས་ཤིང་མཚན་སྨག་ནག་པོ་དང་ལྷན་དུ་རང་ཁྱིམ་ཟེར་བའི་ཁང་ཆུང་གཡར་མ་རུ་ལོག་མཁན་དེ་སུ་རེད། ཇ་ཚ་འདེ་དང་ཟས་དྲོན་མོ་བཟའ་ཁོམ་མེད་དུས། དུས་ཀྱི་སྐར་ཆ་དང་ལྷན་དུ་འདུར་ཅིང་བརྒྱུགས་ནས་རྐང་པར་ཆུ་བུར་བརྡོལ་མཁན་དེ་སུ་རེད། སློབ་བུས་སྐར་ཚོགས་བཞིན་མཐའ་རུ་བསྐོར་དུས།མ་འཛོལ་སློབ་བུ་རེ་རེར་མཛུབ་མོས་གར་སྟོན་ཤར་དུ་གནང་མཁན་དེ་སུ་རེད།

   ཁྱེད་ཁོ་ནར་དབང་བའི་དེ་རིང་གི་ཉིན་མོ་འདི་ལ། ཁྱེད་ཚོ་ནི་ཇོ་མོ་བླ་རིའི་རྩེ་མོ་ན་འགྲེང་བའི་བྱ་རྒྱལ་ཁྱུང་ཆེན་དེ་རེད། ཁྱེད་ཚོ་ནི་ཉི་ཟླའི་པང་ཁ་ན་ལམ་ལམ་འཚེར་བའི་འོད་ཀྱི་གོང་བུ་དེ་རེད། ཁྱེད་ཚོ་ནི་གངས་རིའི་ཁོང་གསེང་ན་དྭངསས་བསིལ་བསིལ་དུ་རྒྱུ་བའི་འགག་མེད་ཀྱི་གངས་ཆབ་སྔོན་མོ་དེ་རེད།

   འགྱུར་བག་རྒོད་པའི་དུས་ཀྱི་སོ་ཁ་རུ། གཙང་མཁས་གཞན་ལ་ཕན་པར་འདོགས་པའི་བཤེས་གཉེན་ཁྱེད་ལ། ཁྱིམ་བདག་ལ་ལའི་མིག་ནང་ན་སྤྱི་ཚོགས་ཀྱི་གླ་བ་རུ་སྒོམ། གཞུང་ཞབས་ལས་བྱེད་རེ་འགའི་སེམས་ཁོང་དུ་ལས་རིགས་ཀྱི་གྲལ་མཐའ་རུ་བརྩི། དཔོན་པོ་རྒྱུ་སྣང་ཅན་ཁ་ཤས་ཚོའི་ཡིད་ངོ་རུ་ཅི་ཡང་མེད་པའི་སྤྲང་བོ་སྤྲང་ནག་ཏུ་གཡུགས། གཞན་གྱི་སྣང་ངོ་རུ་ཅི་ལྟར་འདོད་ཅིང་ཅི་ལྟར་བརྩིས་ཀྱང་ཆོག་མོད། ཁྱེད་སྐུ་བཙོ་མའི་གསེར་ལ་ནག་ནོག་གི་དྲི་མ་བསྒོ་མི་སྲིད། ཁྱེད་ཐུགས་གངས་རི་དཀར་པོར་གཞན་འགྱུར་གྱི་བསྲེས་བསླད་འཐིམ་མི་སྲིད།

   ཉིན་མཚན་དུས་དྲུག་ལ་སྣོན་འཐེན་བསྒྱུར་བགོད་ཀྱི་གྲངས་ཀའི་ཀློང་ན་མི་ཚེའི་སྒྲོན་མེ་གཞན་དོན་དུ་འབུལ་བ་ཁྱོད་ལས་སུ་ཞིག་ཡོད་ཨང་། ཡིག་རིགས་དུ་མའི་ཟིན་འགོད་ཀྱི་ཧྲག་ཧྲག་སྨྱུ་གུའི་གར་སྟབས་ཁྲོད་ན་མི་ཚེའི་གཅུ་གཟེར་གཞན་དོན་དུ་བསྐོར་ནས་ཟད་ཅིང་འཛད་པ་ཁྱེད་ལས་སུ་ཞིག་ཡོད་ཨང་།

   དགེ་རྒན་ལགས། ཁྱེད་ཀྱིས་སྨྱུ་གུ་གུད་དུ་བཞག་ནས་སྐུ་ངལ་ཞིག་གསོ་རོགས། དགེ་རྒན་ལགས། ཁྱེད་ཀྱིས་འབྲི་དེབ་ལོགས་སུ་བསྐྱུར་ཏེ་ཐུགས་ངལ་ཞིག་གསོ་རོགས། དགའ་བའི་གཞས་ཆུང་གིས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་ཐོས་ཨེ་བྱུང་། སྤྲོ་བའི་གར་ཆུང་གིས་དུས་ཆེན་ལ་སྨོན་འདུན་ཞུ་བ་གཟིགས་ཨེ་བྱུང་། ཐེངས་གྲངས་སོ་བཞིར་སླེབས་པའི་དེ་རིང་གི་ཉིན་མོར། གཞན་སུས་ཀྱང་འཕྲོག་མི་ཆོག་པའི་དེ་རིང་གི་ཉིན་མོར། ཁོག་ན་སྡུག་ཅིག་ཡོད་ཀྱང་སེམས་པའི་ཨ་སྔོན་གྱི་སྤྲིན་ནག་ཐོལ་གྱིས་སྤྲད་དགོས། ཡིད་ན་གནོང་ཞིག་ཡོད་ཀྱང་ཞལ་ངོ་དུང་ཟླ་དཀར་པོ་གོར་ཞིང་ཟླུམ་དགོས། ཀུན་གྱིས་སྐྱེས་སྐར་དུ་འབོད་པའི་དེ་རིང་གི་ཉིན་མོར། མིའི་རིགས་ཀྱི་བླ་སྲོག་གི་བཟོ་སྐྲུན་པར་བསྟོད་པའི་དགེ་རྒན་ཞེས་བྱ་བའི་ཆོ་ལོ་བསྣམས་ཏེ་གཟི་བརྗིད་ཀྱིས་འགྱིང་དང་། མིའི་རིགས་ཀྱི་སེམས་སྐྱོན་སེལ་བའི་གཉེན་པོ་རུ་བསྔགས་པའི་དགེ་རྒན་ཞེས་བྱ་བའི་ཐོབ་ཐང་ཐོགས་ཏེ་དཔའ་གདེངས་ཀྱིས་བཞུགས་དང་། མ་འོངས་འབྱུང་འགྱུར་ལ་ཁ་ཕྱོགས་བསྩོལ་བའི་དགེ་རྒན་ཁྱེད་ཀྱི་སྙིང་ཉེ་ཞིང་ཡིད་གདུངས་པའི་སློབ་བུ་ཁྲི་སྟོང་དག་གིས་སེམས་ཀྱི་གུར་ཁང་ནས་དུས་གཏན་དུ་བརྗེད་མི་སྲིད། བརྗེད་མི་སྲིད། 


  • ལེ་ཚན་སྔོན་མ།:ང་ལ་འགན་འཁྲི་ཞིག་ཡོད།
  • ལེ་ཚན་རྗེས་མ།:སྐྱིད་ཆུའི་རབ་བྱེད།