སྟག་རིག་འབྲུག་ཐར། 2019-02-25
ངའི་མིང་ལ་དྲག་རླུང་ཟེར། ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་བར་མཚམས་ན་འགྲེང་བའི་རླུང་གི་ཕོ་ཉ་ཡིན།
ང་ལ་འགན་འཁྲི་ཞིག་ཡོད། ང་རང་མཐོ་བ་སྒང་ནས་མགོ་བརྩམས་ཏེ་དམའ་བ་གཤོངས་སུ་འབབ་དགོས། སྲིད་པའི་མགོ་སྦྲ་རུ་འབོད་པའི་ཆོན་ཐག་གི་ཕྱག་རྒྱ་རེ་རེ་དུམ་བུར་གཅོད་བཞིན་སྦྲ་ནག་གྲུ་བཞིའི་ཕ་ས་གོར་མོ་ཡར་གཞབ་མར་གཞབ་བྱས་ནས་བསྐྲད་དགོས།
ངས་མགོ་སྦྲ་སྨུག་པོའི་ཡོད་ཚད་ཀྱི་ཡོད་ཚད་ཧམ་སེམས་ཀྱི་ཀློང་ནས་ཁྱུར་མིད་བྱེད་དགོས་པ་སྟེ། ཕུག་སྟོད་ཀྱི་སྒྱོ་བ། ཐབ་འགྲམ་གྱི་རྩམ་ཤིང་། སྣོད་དུ་འཁྱིལ་བའི་མར་ཕྱུར། ཐ་ན་ལྷས་རའི་ཁྲོད་ཀྱི་ནོར་ལུག་དང་བྱུར་བུར་སྤུངས་པའི་ཨོང་ར་ལ་སོགས་པའང་ཤུལ་མེད་དུ་འདྲུད་དགོས།
ཚམ་ཚོམ་མེད་པར་འདེད་དགོས།
བསམ་དབང་མེད་པར་འདེད་དགོས།
ང་དུས་རབས་ཀྱི་ཅོང་བརྡ་དང་འགྲོགས་ནས་འགན་འཁྲིའི་ཁུར་བོ་ཡོད་དོ་ཅོག་དང་དུ་བླངས་ཏེ་མི་ཚོགས་འདུ་འགོད་མོད་ས། བཟོ་བཀོད་ངོ་མཚར་བཀྲ་སའི་གནས་དེར་ཧར་གྱིས་རྒྱུག་དགོས།
ཡང་གཅིག་བཤད་ན་གནས་དེར་བསྐྲད་ཚེ་ངའི་འཆར་གཞི་འགྲུབ་སོང་།
འདི་ནི་བྱོལ་མེད་ཀྱི་སྒྲིག་བཀོད་ཅིག
ངའི་མིང་ལ་དྲག་རླུང་ཟེར། ནུབ་ཕྱོགས་དང་བྱང་ཕྱོགས་ཀྱི་སོ་མཚམས་ན་འགྲེང་བའི་རླུང་གི་ཕོ་ཉ་ཡིན།
ང་ལ་འོས་འགན་ཞིག་ཡོད། ང་རང་མཐོ་བ་སྒང་ནས་མགོ་བརྩམས་ཏེ་དམའ་བ་གཤོངས་སུ་འབབ་དགོས། ལྷ་ཁང་གསེར་ཁང་ལྟ་བུའི་ཀ་བཞི་གདུང་བརྒྱད་ཀྱི་རྒྱུག་ཤོག་རེ་རེ་སིལ་བུར་གཏོར་བཞིན་གཡང་ཁྱིམ་གོར་མོ་གཡས་གཞབ་གཡོན་གཞབ་བྱས་ནས་བསྐྲད་དགོས།
ངས་གཡང་ཁང་གྲུ་བཞིའི་ཡོད་ཚད་ཀྱི་ཡོད་ཚད་ཁྲོ་སྡང་གི་ཁྲོད་ནས་ཁྱུར་མིད་བྱེད་དགོས་པ་སྟེ། ཕྱྭ་གཡང་འཁྱིལ་སའི་སང་ར་གྲུ་བཞི། དགོད་སྒྲ་ཐག་གེའི་འགྲུལ་ཁང་གྲུ་བཞི། གསོལ་འདེབས་འབར་སའི་མཆོད་ཁང་གྲུ་བཞི། ཐ་ན་རྡང་ཐོག་གི་སྒྱེ་མོ་དང་ཕྱུང་བ་ལ་སོགས་པའང་ལྷག་མེད་དུ་འདྲུད་དགོས།
ཐེ་ཚོམ་མེད་པར་འདེད་དགོས།
དྲན་དབང་མེད་པར་འདེད་དགོས།
ང་ཚན་རིག་གི་འབོད་བརྡ་དང་བསྡོངས་ནས་འོས་འགན་ཐམས་ཅད་ཕྲག་ཏུ་བཞེས་ནས་ཟང་ཟིང་འཁྲུག་ཆ་དོད་ས། འགྲན་རྩོད་རླབས་ཕྲེང་འཕྱུར་སའི་གནས་དེར་ཐོལ་གྱིས་རྒྱུག་དགོས།
ཡང་གཅིག་བཤད་ན་གནས་དེར་བསྐྲད་ཚེ་ངའི་བསམ་དོན་འགྲུབ་སོང་།
འདི་ནི་འགྱུར་མེད་ཀྱི་སྒྲིག་གཞི་ཞིག
ངའི་མིང་ལ་དྲག་རླུང་ཟེར། མདོར་བསྡུས་ན་ང་ལ་སྙིང་རྗེ་མེད།
ཉམ་ཆུང་སྟོབས་ཆུང་གི་ལུས་པོའི་ཤ་ཁྲག་གཞིབ་ངེས། སྨྲ་བྱེད་ཀྱི་ཁ། ལྟ་བྱེད་ཀྱི་མིག ཉན་བྱེད་ཀྱི་རྣ་བ་ལ་སོགས་ཀྱང་མ་བསྐྱུར་མ་ལུས་པར་ཁྱེར་ངེས།
ངའི་མིང་ལ་དྲག་རླུང་ཟེར། མདོར་དེད་ན་ང་ལ་རྒྱུ་འབྲས་མེད།
འབྱོར་ལྡན་ཕྱུག་བདག་གི་ནོམ་པ་བརྐུ་ངེས། གཡུ་བྱུར་གྱི་རྒྱན་ཆ། གོས་ཚར་གྱི་ལྭ་བ། བཞོ་གཟུང་སྨར་གདན་ལ་སོགས་པའི་འདོག་ཆའང་མ་བསྐྱུར་མ་ལུས་པར་ཁྱེར་ངེས།
དུས་རབས་ཀྱི་དགོས་མཁོའི་དབང་གིས།
སྤྱི་ཚོགས་ཀྱི་འགྱུར་ལྡོག་དབང་གིས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10