ཚེས་ཀ 2019-02-25
དེ་རིང་ཞོགས་པར་ཆུ་ཚོད་དྲུག་གི་ཐོག་ནས་ཡར་ལངས་ཏེ་ཁ་ངོ་ལ་འཁྲུད་བྱེད་བཞིན་པའི་སྐབས་སུ་ཨ་མས་ང་ལ་ངག་འཇམ་འཇམ་ངང"གཅེས་ཕྲུག་མ་ཁྱོད་ལངས་སྔ་སོང་བ་མིན་ནམ"ཞེས་དྲིས་བྱུང་།
ངས་ཨ་མ་ལ"ད་ནི་ལས་གནས་ལ་ཞུགས་དགོས་པས་ང་རང་སྔ་ཙམ་ལང་དགོས"ཞེས་བཤད་པ་ཡིན། ཨ་མས་"དེས་ན་བཟང་ཁུ"ཟེར་ཞིང་ངག་ནས་མ་ཎིའི་དབྱངས་རྟ་ཞིག་བགྲང་ཞོར་ང་ལ་ནངས་ཇ་བསྐོལ་གྲབས་བྱས། ངས"ཨ་མ་ཁྱོད་ད་དུང་ཉོལ་དང་ང་རང་གིས་ནངས་ཇ་བསྐོལ་ཆོག"ཅེས་བཤད་མོད། ཡིན་ནའང་། ཨ་མའི་གདོང་ལ་འཛུམ་ཞིག་ལངས་ནས"གཅེས་ཕྲུག་མ་ཨ་མ་ཅང་ར་དཀའ་ནི་མ་རེད། གནའ་སྔ་མོ་ངེད་ཚོ་ཆུང་ངུའི་དུས་སུ་ཆུ་ཚོད་གསུམ་གྱི་ཐོག་ནས་ཡར་ལངས་ཏེ་འབྲི་བཞོ་འགྲོ་དགོས་པ་རེད། དེ་དུས་ལག་ཤུབས་དང་ཁ་ཡོལ་སོགས་གཅིག་ཀྱང་གྱོན་རྒྱུ་ཡོད་ནི་མ་རེད། ད་རུང་འོ་མ་དཀྲུགས་ནས་མར་བླངས་ཏེ་ཕྱུར་བ་ལས་དགོས་ནི་རེད། དེ་དུས་ད་རུང་ནངས་ཇ་རག་ཡོད་ནི་མ་རེད། དེང་སང་ཁྱེད་ཚོ་སྐྱིད་ནི་རེད"ཟེར། ཨ་མའི་སྐད་ཆར་ཉན་ན་འབྲོག་པ་ནི་ཁོང་ཚོ་ལ་ཧ་ཅང་འབྲེལ་འདྲིས་ཆེ་བ་ཞིག་རེད་སྙམ།
དེ་ནས་ཆུ་ཚོད་དགུ་བར་བསླེབས་ཏེ་ང་རང་ལས་གནས་ལ་ཞུགས། སློབ་གྲྭའི་ནང་དུ་སླེབས་པ་ན་ང་ལ་དགེ་རྒན་ཞེས་འབོད་མཁན་གྱི་གཅེས་ཕྲུག་ཚོ་རེ་རེ་བཞིན་ངའི་ལག་པར་འཇུས་ནས་འཛུམ་ཤིག་ཤིག་གི་ངང་དུ"དགེ་རྒན་བཟང་། དགེ་རྒན་བཟང"ཟེར་ནས་འཚམས་འདྲི་བྱས་བྱུང་། ངས་ཀྱང་དགའ་དུང་གི་སྒོ་ནས"སློབ་གྲོགས་ཚོ་བཟང་"ཞེས་བཤད་དེ་ཅུང་མ་འགོར་བར་ཅོང་སྒྲ་གྲགས་ཏེ་སློབ་ཐུན་འཚོག་སོང་།
ཆུ་ཚོད་བཅུ་བར་ཐོན་པ་ན་ང་ལ་འཚོགས་ཐུན་མེད་པས་ངས་ཡང་བསྐྱར་ཨ་མའི་སྐད་ཆ་ལ་བསམ་བློ་བཏང་བ་ཡིན། ངས་ཨ་མ་དང་ཨ་མ་འདྲ་བའི་ལྕི་འདམ་གྱི་ཁྲོད་དུ་ལང་ཚོ་རྫོགས་པའི་ཁྱིམ་འཛིན་གྱི་བྱན་མོ་དག་དྲན་བྱུང་ལ། ཁོང་ཚོའི་སྐྱིད་ལ་སྡུག་པའི་རེ་སྒུག་གི་ལོ་ཟླ་ནི་ཅི་འདྲའི་ཐབས་ཆགས་ཤིག་རེད་ཨང་བསམ།
དེ་ནས་ཆུ་ཚོད་དྲུག་པར་སླེབས་པའི་ཅོང་སྒྲ་གྲགས་བྱུང་། སློབ་གྲོགས་ཚོས་རང་རང་གི་རྒྱབ་ཏུ་མཛེས་ཤིང་སྡུག་པའི་དཔེ་ཁུག་ཆུང་ཆུང་རེ་ཁུར་ནས་ཕྱིར་ཁྱིམ་དུ་ལོག་ཁར"དགེ་རྒན་བདེ་མོ"ཟེར་ནས་ལག་བརྡ་བཏང་བྱུང་། དེ་དུས་ང་རང་ཡང་ཁྱིམ་དུ་ཕྱིན་པ་ཡིན་ལ་ཨ་མས་ངའི་སྔོན་དུ་ཇ་དང་ཟ་མ་སོགས་བསྐོལ་ཅིང་འཇིག་རྟེན་གྱི་གཏམ་དཔེར ༼ སྣ་ཁ་ཚ་བེར་རེ ༽ ཞེས་པ་ལྟར་བྱས་འདུག
ང་ཐོན་མ་ཐག་ཏུ་ཨ་མས"གཅེས་ཕྲུག་མ་ལྟོགས་ཨེ་ཐལ། ད་ཇ་འཐུང"ཟེར་ནས་དགའ་འཛུམ་གྱིས་ཡོངས་སུ་བལྟས་འདུག ངས་ཆུང་དུས་ཨ་མས་ངེད་ཅག་གི་དོན་དུ་དཀའ་སྡུག་གྲངས་མེད་མྱངས་མྱོང་ལ་ད་ལྟ་ཡང་ང་ཚོའི་དོན་དུ་དཀའ་ངལ་མྱོང་ན་དེ་ནི་ཆེས་མི་འོས་པའི་དོན་ཞིག་རེད་བསམ་ཡང་གནས་སྐབས་སུ་ཅི་བྱ་གཏོལ་མེད་དུ་གྱུར། མ་གཞི་ཨ་མ་ནི་ངེད་ཅག་གི་དོན་དུ་མགོ་སྒུར་ཞིང་རང་སྲོག་གཏོང་ཕོད་པའི་དཔའ་མཛངས་ལྡན་པ་ཞིག་རེད། བསམ་བློ་རེ་བཏང་ན་ང་ཚོས་ཨ་མའི་ཆེད་དུ་འཇིག་རྟེན་བློས་གཏོང་ཐུབ་བམ།
ཨེ། ད་ནི་དགོང་མོའི་དུས་ཚོད་བཅུ་གཉིས་ལ་ཐོན་བྱུང་། ད་ནི་ཨ་མ་ངེད་གཉིས་ཀྱི་ཁ་བརྡའང་མཚམས་འཇོག་རན་པས་ངས་ཨ་མ་ལ་གཟིམ་བདེ་ཞུ་བ་ལས་གང་ཡང་མི་འདུག
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10