བཀྲ་ཤིས་ཆོས་ལྡན། 2018-11-19
སྔུན་མའི་རྣམ་ཤེས།
འབྲོང་གཡག་གི་རྭ་རྩེ་རྒོད་པའི་གངས་གྲོང་སྨུག་པོ་གང་ཞིག་ནས། རླུང་རྟ་ལ་བཅོལ་བའི་ཚེ་སྲོག་སྣུམ་པོ་བགྲང་ཡས་པ་ཞིག་ངུར་སྐད་དང་ངུ་དབྱངས་ཀྱིས་བཞུད་ཤུལ་ན། ཟུངས་ཁྲག་གིས་བཞེངས་པའི་རྡོ་རིང་གི་གདོང་དང་བང་སོའི་ནང་ཁྲོལ་དག་ནི་གཟི་དང་བྱུ་རུས་གྲུབ་པ་ཁོ་ནའོ།།
སྐབས་དེར་སྲིད་པའི་རྩེ་མོར་ཐོལ་གྱིས་འཕྱོ་བའི་ཇོ་མོ་གླང་མའི་སྙིང་སྟོབས་དང་མ་ཕམ་གཡུ་མཚོའི་རླབས་རིས་དག་གིས། གླིང་དྲུག་གི་རྐང་གཉིས་དག་གི་ལྷོག་ལྷོག་འཕར་བའི་སྙིང་རྩ་བསྒུལ་ཞིང་སིལ་སིལ་ལྡང་བའི་དབུགས་རྒྱུན་ཀྱང་འགག་པར་བྱས་མྱོང་། དུས་དེར་ཀི་བསྭོ་དང་མཆོད་དོ་ཞེས་པའི་གདངས་དབྱངས་སྙན་མོ་དེས་གནམ་གྱི་མངའ་བདག་རྐུབ་སྟེགས་ལས་ལྷུང་ཞིང་ཀོང་ཇོ་མཛེས་མའི་འཛུམ་མདངས་ཀྱང་གློད་མྱོང་།
ལོ་དེར་མཉམ་དུ་གཤིབ་པའི་རྒོད་པོའི་དཔུང་རྡང་དང་ལྷན་དུ་བསྒགས་པའི་དཔའ་བོའི་གནའ་ཚིག་རེ་རེས་ཁ་འབབ་རྣམ་བཞི་ཧུབ་ཀྱིས་འཐུང་མྱོང་། མ་ཟད། རི་བོ་གངས་དཀར་གྱི་སྒང་དང་ཆུ་བོ་གཙང་པོའི་གཞོངས་ནས་རང་སྐྱ་ཐུབ་པའི་སྙན་ངག་ཀྱང་གྱེར་འདོན་བྱས་མྱོང་།
བླ་དང་རྣམ་ཤེས་ཡོད་ཚད་སྙིང་ཁམས་ལ་ཆུ་བཞིན་ཁོལ་བའི་ཧི་མ་ལའི་སྔུན་རྒྱབ་ཀྱི་རྫོགས་ལྡན་གྱི་ལོ་ཟླ་དེ་དག་ནི། གཡུ་སྦྲང་གི་ལང་ཚོ་སྨིན་ཞིང་གངས་ལྷ་མེ་ཏོག་འཛུམ་པའི་དུས་ཚིགས་དང་། འདབ་དྲུག་གི་ལོ་འདབ་སྣ་ཚོགས་གངས་ཐང་ལ་ལྷུང་པའི་ནམ་ཟླ་ཕུན་སུམ་ཚོགས་པ་ཞིག་ཅི་ལ་མིན།
རུས་རྐང་ལ་བཙའ་མ་ཞུགས་པའི་ཡར་སྔོན་དེར། ཤ་ཁྲག་ལ་གཡའ་མ་ཤོར་བའི་ལོ་ཟླ་དེར། རི་གྲོང་ལ་སླད་མ་འཛུལ་བའི་དུས་ཚིགས་དེར། རལ་གྲི་གློ་ལ་དཔྱངས་པའི་ཕུ་ནུ་ཡོད་ཚད་ལ་མཁའ་དབྱིངས་ནས་ལྡིར་བའི་འབྲུག་གི་ངར་སྐད་བདོག་ལ། ཕྱོགས་མཚམས་སུ་གྲགས་པའི་རྒྱ་སྟག་གི་དཔའ་སྤོབས་ཡོད། སྐབས་དེར་ཕོ་བྲང་གི་སྒེའུ་ཁུང་ནས་འཛུམ་པའི་ཨ་མེས་དེ་ཚོར་ཁྲི་ཤོར་རྒྱལ་མོ་ལྟར་དུ་མིག་ཆུ་མང་ཞིང་རྨ་འབྲི་རྫ་གསུམ་བཞིན་དུ་བཞུར་རྒྱུན་རིང་།
གཟི་བྱིན་དང་འོད་ཟེར་གྱིས་གཤེགས་ཟིན་པའི་ཨ་མེས་ཚོའི་མཁྱེན་དཔྱོད་ཀྱི་འགྱུར་ཁུགས་ལས་མཆེད་པའི་རིག་གཞུང་སྣ་ཚོགས་བྲག་རི་ལྟར་བརྩིགས་མྱོང་། ཡིན་རུང་། ཚང་མ་འདས་པ་རེད། ཚང་མ་བྱུང་བ་རེད། ཚང་མ་གཏམ་རྒྱུད་རེད།
གཞུག་མའི་རྣམ་ཤེས།
རྣོ་དབལ་ཚ་བའི་དུས་རབས་འདིར་འགྲན་རྩོད་དང་འཐབ་གླེང་གི་ཡོ་ལང་བདོ་དུས། རུས་པའི་གསེང་དང་སྙིང་གི་དཀྱིལ་ན་ཟ་འཕྲུག་རྒྱུན་མི་ཆད་དུ་འཕར་རུང་། ཡིད་དང་སེམས་བྱུང་གི་ཀློང་ནས་དབུགས་ཀྱི་འགྱུར་ལྡོག་གི་ཧེ་བག་ཙམ་ལས། སྒུལ་ཤུགས་དང་འགུལ་སྐྱོད་ནི་ལག་མཐིལ་ན་གསེར་གྱི་ཐིགས་པར་གྲུབ་འདུག་པས། ཡོད་ཚད་དག་སྣང་གི་འཇའ་རིས་དང་སྙན་ངག་གི་བློས་བསླངས་རེ་ཟུང་ལ་ཁེན་ནས་བསྡད་དགོས་བྱུང་།
སྐབས་འདིར་བསྐལ་པ་ཡ་ཐོག་ནས་ཆད་པའི་དམངས་གླུ་རེ་རེས་ང་དང་ངའི་གློ་སྙིང་མཆིན་གསུམ་གཤགས་ནས་བུད་འགྲོ། རྗེས་ལུས་ཀྱི་མལ་ས་རུལ་པོ་དེ་ནས་རྣམ་གཡེང་གི་ཧུར་སྒྲ་འཐེན་ཞིང་རེ་སྨོན་གྱི་རྨི་ལམ་ལ་རོལ་བའི་ངའི་སྙིང་ཉེ་ཚོ་མཐོང་ཐེངས་རེར། ལེ་བདའ་ཡི་མིག་ཆུ་ཕྱིས་ཞོར་དུ་ཆོད་སེམས་དང་ཕུགས་འདུན་གྱིས་ཕྱུག་པའི་རྨི་ལམ་གཞན་པ་ཞིག་རྨིས་འགོ་རྩོམ།
གཏན་འཁེལ་བྲལ་བའི་འབྱུང་འགྱུར་གྱི་མཁའ་དབུགས་དེས་བདག་གི་ཤ་ཁྲག་རུས་གསུམ་གང་དུ་དེད་འགྲོ་བར་ཆ་མ་འཚལ། ན་བུན་དང་བསྡོངས་པའི་བགྲོད་ལམ་རིང་མོ་དེར། བདེན་འཚོལ་དང་དྲང་མིག་གིས་དགྱེ་དུས་བར་དོའི་འཕྲང་ལམ་ལྟ་བུའི་ལམ་འགག་དོག་པོ་དེ་ནས། ངུ་མ་དགོད་ཀྱི་ཤུགས་གླུ་རིང་མོའི་འགྱུར་ཁུགས་དེར་ཉན་དགོས་བྱུང་།
གང་ལྟར། སྤྲིན་པ་ལྟ་བུའི་རྣམ་ཤེས་འདི་ཇི་ཙམ་གནས་པ་དེའི་རིང་ལ་འཚོལ་སྙེག་དང་གསར་གཏོད། ཐོད་བརྒལ་དང་འབད་འབུངས། བྱམས་བརྩེ་དང་འཆམ་མཐུན་སོགས་ཀྱི་མཁའ་དབུགས་ལྡན་པའི་ཁོར་ཡུག་ཡངས་པོ་ཞིག་ཏུ་བསྐྱོད་ན་འདོད། དེ་ནི་བདག་དང་བདག་ལྟ་བུའི་མི་བུ་ཕལ་བ་ཚོའི་སེམས་ཀྱི་དག་ཞིང་དང་ཆོས་ཀྱི་དད་མོས་ཡིན། ཡ་མ་བརླ་ཡི་གསང་བའི་འཇིག་རྟེན་འདིར་ཉིན་རེ་བཞིན་བདེན་དྲང་དང་བློ་མིག་གིས་འཚོ་དགོས། འུར་ཟིང་ཆེ་བའི་སྲིད་པ་འདིར་དཔྱོད་ཤེས་དང་འཛུམ་མདངས་ཀྱིས་འགྲེངས་འོས། གཟི་བྱིན་དང་སྙིང་སྟོབས་ཀྱིས་ཕེབས་པའི་ཕ་མེས་ཚོའི་ཁ་འཆམ་དང་ཚེ་སྲོག་འཚོལ་དགོས། འདི་དག་ནི་མི་ཡུལ་ཐོལ་གྱིས་བཤེར་བའི་མགྲོན་པོ་ཞིག་གི་མཁོ་ཆས་དང་གཏམ་རྒྱུད་རྣལ་མ་ཞིག་ཡིན་ཀྱང་སྲིད་པའོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10